༠༨།༦།༡༠
བོད་ཆོལ་གསུམ་དུ་ངོ་རྒོལ་བསྟུད་མར་བྱུང་སྟེ་ཟླ་བ་གསུམ་ཧྲིལ་པོ་འཁོར་བ།
དེ་རིང་ནི་བོད་ཆོལ་ཁ་གསུམ་དུ་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ནས་བཟུང་གཞི་རྒྱ་ཆེ་བའི་སེར་སྐྱ་མི་མང་གི་ལས་འགུལ་བསྟུད་མར་ཐོན་ཏེ་ཟླ་བ་ཧྲིལ་པོ་གསུམ་འཁོར་ཞིང་། ལས་འགུལ་གྱི་ཐོག་མ་བོད་ཀྱི་རྒྱལ་ས་ལྷ་ས་ནས་འགོ་ཚུགས་ཏེ་ཨ་མདོ་མཚོ་སྔོན་དང་། ཁམས་བཅས་ཆོལ་གསུམ་གྱི་ས་ཁུལ་གང་སར་རྣམ་པ་མི་འདྲ་བའི་ངོ་རྒོལ་བསྟུད་མར་ཐོན་ཡོད་པ་མ་ཟད། ཐ་ན་རྒྱ་ནག་གི་གྲོང་ཁྱེར་ཁག་གི་མཐོ་སློབ་ནང་དུ་སློབ་གཉེར་བྱེད་བཞིན་པའི་བོད་རིགས་སློབ་ཕྲུག་ཚོས་ཀྱང་རྣམ་པ་འདྲ་མིན་གྱི་ཐོག་ནས་ངོ་རྒོལ་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ལས་འགུལ་སྤེལ་ཡོད། ལས་འགུལ་དུ་འཛུལ་ཞུགས་བྱེད་མཁན་ལ་སྐྱ་སེར་གྱི་དབྱེ་བ་མེད་ལ། ལས་བྱེད་དང་མི་སེར་གྱི་བར་ཁྱད་མེད་པ། གྲོང་ཁྱེར་དང་ཞིང་འབྲོག་གི་དབྱེ་བ་མེད་པར་བོད་མི་གནས་ཡུལ་གང་ས་ནས་ངོ་རྒོལ་གྱི་ལས་འགུལ་གྲངས་མེད་ཐོན་ཡོད་ལ། ངོ་རྒོལ་བྱེད་མཁན་ཁྲོད་ལོ་ན་མཐོ་ཚད་ ༨༠ ལྷག་ནས་ཆུང་ཚད་ ༡༡ ཡན་དང་། ངོ་རྒོལ་གྱི་ལས་འགུལ་ཁོངས་སུ་བླ་སྤྲུལ་དགེ་བཤེས་དང་། གྲྭ་བཙུན། རྒྱ་གཞུང་གི་ལས་བྱེད། སྒྱུ་རྩལ་པ། སློབ་དགེ། སྨན་པ། སློབ་ཕྲུག ཞིང་པ། འབྲོག་པ། ཚོང་པ། སྤྲང་པོ་སོགས་ནས་ཀྱང་མཉམ་ཞུགས་བྱས་ཡོད་པ་དང་། རྒྱུན་མཐུད་འགྲོ་བཞིན་པའི་ལས་འགུལ་དེའི་ནང་བོད་རིགས་སྤྱི་བདེའི་ཉེན་རྟོག་པ་ཁག་ཅིག་ལའང་ཉེས་པ་ཕོག་ཡོད་པའི་གནས་ཚུལ་ཐོན་ཡོད། ང་ཚོས་ཟླ་ ༣ ཚེས་ ༡༠ ནས་ཟླ་ ༥ ཚེས་ ༣༡ བར་ལས་འགུལ་དེའི་ཁྲོད་བོད་ཆོལ་གསུམ་ཁྱོན་དུ་བོད་མི་ངོ་རྒོལ་བ་འཛིན་བཟུང་བཀག་ཉར་བྱས་པ་དང་། རྨས་སྐྱོན་ཕོག་པ། འདས་གྲོངས་སོང་བ་བཅས་ཀྱི་ཐད་གནས་ཚུལ་ཡོང་ཁུངས་ཁག་ཅིག་ལ་གཞི་བཅོལ་ཏེ་ཞིབ་འཇུག་ཞུས་པ་གཤམ་གསལ།
༢༠༠༨།༣།༡༠ ནས་ ༢༠༠༨།༥།༣༡ བར།
1*འདས་གྲོངས་སོང་བ་མི་གྲངས་ཉིས་རྒྱ་བཅུ་མེད་དགུ་ ༢༠༩ དང་།
2*རྨས་སྐྱོན་ཕོག་པ་མི་གྲངས་ཆིག་སྟོང་ལྷག ༡༠༠༠
3*འཛིན་བཟུང་བཀག་ཉར་དུ་ཚུད་པ་མི་གྲངས་ལྔ་སྟོང་དགུ་བརྒྱ་བདུན་ཅུ་དོན་གཉིས།༥༩༧༢
4*ཁྲིམས་ཐག་བཅད་ཟིན་པ་མི་གྲངས་བཞི་བཅུ་ ༤༠ ཙམ་བྱུང་འདུག ཁྲིམས་ཐག་བཅད་པའི་ཁྲོད་མཐོ་ཤོས་ལ་ཚེ་བཙོན་ནས་དམའ་ཤོས་ལ་ལོ་གཅིག་གི་དུས་བཀག་བཟོས་ཡོད་འདུག་ཀྱང་། ཁྲིམས་ཐག་བཅད་རིང་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་ཀྱི་མི་གྲངས་ ༣༠ ཐམ་པར་ཕྱི་ཕྱོགས་སུ་ཟླ་ ༣ ཚེས་ ༡༤ ངོ་རྒོལ་ཁྲོད་རྡུང་གཅོག་འཕྲོག་བསྲེགས་ཞེས་པའི་ཉེས་པ་འགེལ་རྒྱུའི་ཆེད་ཁྲིམས་ར་ཚོགས་ཁུལ་བྱས་ཏེ་ཁྱབ་བསྒྲགས་བྱས་ཡོད་ཀྱང་། ཁམས་དང་ཨ་མདོའི་ས་ཁུལ་ཁག་ཅིག་ནང་ལོ་ཚད་བཟོས་པའི་མི་སྣ་ཁག་ཅིག་ལ་ལོ་ཚད་བཟོ་གི་ཡོད་པའི་གནས་ཚུལ་ཡོངས་གྲགས་སུ་ཁྱབ་བསྒྲགས་གང་ཡང་བྱས་མེད།
ཟླ་བ་གསུམ་ཧྲིལ་པོ་རྒྱུན་མཐུད་པའི་བོད་ཆོལ་གསུམ་གྱི་ས་ཁུལ་གང་སར་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་ཐོན་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་བྱས་ཏེ་ཕྱི་ཕྱོགས་སུ་དངོས་ཡོད་གནས་ཚུལ་ཁ་གསལ་ཤེས་ཐབས་མེད་པའི་བཀག་རྒྱ་ཡོད་པར་བརྟེན། ང་ཚོས་ཞིབ་འཇུག་གཏན་འཁེལ་ཞུས་པའི་འདས་གྲོངས་སོང་བ་དང་། འཛིན་བཟུང་དང་བཀག་ཉར་དུ་ཚུད་པ། རྨས་སྐྱོན་ཕོག་པ་བཅས་ཀྱི་གྲངས་ཚད་ཁ་གསལ་ཞིག་ཐོབ་དཀའ་བ་ཞིག་ཏུ་གྱུར་ཡོད་པ་མ་ཟད། ལྷག་པར་ངོ་རྒོལ་བྱུང་ཡུལ་གྱི་ས་ཁུལ་རེ་རེ་དང་ཐེངས་གྲངས་ག་ཚོད་ཙམ་ཞིག་བྱུང་ཡོད་མེད་ལ་གཏན་འཁེལ་བའི་བསྡོམས་རྩིས་བཀོད་ཐུབ་ཐབས་མེད་ཀྱང་། རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་ཁང་གིས་བསྡོམས་རྩིས་བྱས་པར། ཟླ་ ༣ ཚེས་ ༡༠ ནས་ཟླ་ ༣ ཚེས་ ༢༥ བར་ཉིན་གྲངས་ ༡༥ ནང་དུ་བོད་རང་སྐྱོང་ལྗོངས་དང་། ཟི་ཁྲོན། མཚོ་སྔོན། ཀན་སུའུ་བཅས་བོད་ཀྱི་ས་ཁུལ་བཞིར་དོན་རྐྱེན་བརྒྱ་དང་ལྔ་བཅུ་ ༡༥༠ ལྷག་བྱུང་ཡོད་པའི་གསལ་བསྒྲགས་བྱས་ཡོད།
ཁམས་བྲག་འགོ་རྫོང་ཐོག་ཏུ་བཙུན་མ་རྣམས་ཀྱིས་ཞི་རྒོལ་བྱས་པར་རྡུང་རྡེག་འཛིན་བཟུང་བྱུང་བ།
ཕྱི་ཟླ་ ༦ ཚེས་ ༨ ཉིན་སྔ་དྲོའི་ཆུ་ཚོད་ ༩།༠༠ ཙམ་དུ་ཁམས་བྲག་འགོ་རྫོང་ཐོག་ཏུ་བཙུན་དགོན་བསམ་གཏན་གླིང་ཝ་ལྟག་བཙུན་དགོན་གྱི་རང་ལོ་ ༢༧ སོན་པའི་བཙུན་མ་ཚེ་རིང་མཚོ་(ཚེ་རིང་མཚོ་མོ་)ཞུ་བ་ཞིག་གིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུས་ནས་གསེར་ཁྲིར་འཁོད་དགོས་སོགས་འཁོད་པའི་ཡིག་ཆ་འགྲེམས་སྤེལ་བྱེད་སྐབས་རྒྱ་མིའི་དྲག་ཆས་དམག་མིས་རྡུང་རྡེག་བཏང་སྟེ་འཛིན་བཟུང་བྱས་རྗེས། ཕྱི་དྲོ་ཆུ་ཚོད་ ༥།༠༠ ཙམ་དུ་གོང་གསལ་བཙུན་དགོན་གྱི་བཙུན་མ་ཡོངས་རྫོགས་ཞི་རྒོལ་རྔམ་སྟོན་ཆེད་བྲག་འགོ་རྫོང་ཕྱོགས་སུ་ཐོན་ཏེ་རྫོང་ལ་མ་འབྱོར་ཙམ་གྱི་གོང་མགོ་དགྱེ་ཐང་ས་གནས་སུ་རྒྱ་མིའི་དྲག་ཆས་དམག་མིས་བཀག་འགོག་གིས་འཛིན་བཟུང་བྱེད་རིང་བཙུན་མ་ཁག་ཅིག་ལ་ཉེས་རྡུང་ཚད་མེད་བཏང་རྐྱེན་རྨས་སྐྱོན་ཚབས་ཆེ་ཕོག་སྟེ་རྫོང་སྨན་ཁང་དུ་སྨན་བཅོས་བྱེད་མུས་ཡིན་པ་དང་། ཁག་ཅིག་ཁྲེན་ཏུར་སྨན་བཅོས་བྱ་རྒྱུའི་ཆེད་ཡིན་ཁུལ་གྱིས་ཁྲིད་ཟིན་འདུག དེའི་ཕྱི་དྲོར་ས་གནས་མང་ཚོགས་ནས་ཀྱང་བཙུན་མ་རྣམས་གློད་གྲོལ་གཏོང་དགོས་པ་སོགས་ཀྱི་ངོ་རྒོལ་བྱས་ཡོད་འདུག་ཀྱང་། ད་ལྟའི་ཆར་གློད་གྲོལ་ཇི་ཙམ་བཏང་ཡོད་མེད་སོགས་ཀྱི་ཞིབ་ཕྲ་ཤེས་རྟོགས་མི་འདུག
ཁམས་བྲག་འགོ་རྫོང་ཐོག་ཏུ་གྲྭ་བ་གསུམ་གྱིས་ཞི་རྒོལ་བྱས་པར་རྡུང་རྡེག་འཛིན་བཟུང་བྱུང་བ།
ཕྱི་ཟླ་ ༦ ཚེས་ ༦ ཉིན་དགུང་ཆུ་ཚོད་ ༡༢།༢༢ ཐོག་ཁམས་བྲག་འགོ་རྫོང་གི་གྲྭ་ཚེ་དབང་གྲགས་པ་དང་། རྟའུ་རྫོང་ཁོངས་ནས་ཡིན་པ་གྲྭ་ཐུབ་བསྟན་རྒྱ་མཚོ། མཚོ་སྔོན་ཡུལ་ཤུལ་རྫ་སྟོད་རྫོང་ནས་ཡིན་པ་གྲྭ་བྱང་སེམས་ཉི་མ་བཅས་གསུམ་གྱིས་བྲག་འགོ་རྫོང་ཐོག་ཏུ་བོད་ཀྱི་རྒྱལ་དར་འཕྱར་བཞིན་སྐད་འབོད་དང་ཡིག་ཆ་འབོར་ཆེན་འགྲེམས་སྤེལ་བྱས་རྗེས་རྒྱ་མིའི་དྲག་ཆས་དམག་མིས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག དེ་ཡང་ཐོག་མར་གོང་གསལ་དགེ་འདུན་པ་གཅིག་གིས་སྐད་འབོད་བྱས་པར་འཇུ་བཟུང་བྱུང་རྗེས་དགེ་འདུན་པ་གཉིས་པ་དེ་ཐོན་ཡོད་པ་དང་། ཁོ་པའང་འཛིན་བཟུང་བྱུང་རྗེས་གསུམ་པ་ཐོན་པ་བཅས་གཅིག་མཇུག་གཉིས་མཐུད་ཀྱིས་སྐད་འབོད་བྱས་འདུག ཁོང་རྣམས་འཛིན་བཟུང་བྱེད་སྐབས་ཉེས་རྡུང་ཚད་མེད་བཏང་བ་དང་། གྲྭ་ཚེ་དབང་གྲགས་པར་དམིགས་བསལ་ཉེས་རྡུང་ཕོག་སྟེ་སྲོག་ཉེན་ཡོད་པར་གྱུར་འདུག གནས་ཚུལ་ཡོང་ཁུངས་ཁག་ཅིག་གིས་འགྲེལ་བརྗོད་བྱས་པར་གཞིགས་ན། གྲྭ་ཚེ་དབང་གྲགས་པ་འདས་གྲོངས་སོང་ཡོད་འདུག་ཀྱང་། ད་ལྟའི་ཆར་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མི་འདུག
དེ་མིན་བྲག་འགོ་རྫོང་ཁོངས་སུ་ཟླ་ ༦ ཚེས་ ༥ ཉིན་ཕོ་གཞོན་ཁག་ཅིག་གིས་སྦག་སྦག་བཞོན་ཏེ་བོད་ཀྱི་རྒྱལ་དར་འཕྱར་བཞིན་ངོ་རྒོལ་བྱས་པའི་གནས་ཚུལ་འདུག་ཀྱང་།། ཞིབ་ཕྲ་ཁ་གསལ་མི་འདུག
འཛིན་བཟུང་ཚུད་པའི་སྟག་རྩེ་རྫོང་གསང་སྔགས་དགོན་པའི་དགེ་འདུན་པ་ཁག་ཅིག་གར་སོང་ཆ་མེད་དུ་གྱུར་བ།
ལྷ་ས་གྲོང་ཁྱེར་ཁོངས་ཀྱི་སྟག་རྩེ་རྫོང་བདེ་ཆེན་ཤང་ཁོངས་སུ་ཡོད་པའི་བདེ་ཆེན་གསང་སྔགས་དགོན་པའི་དགེ་འདུན་པ་ཁག་ཅིག་ཟླ་བ་ ༣ པའི་ནང་འཛིན་བཟུང་བྱས་རྗེས་ད་ལྟའི་ཆར་ལྷ་སའི་བཙོན་ཁང་ཁག་གང་གི་ནང་དུའང་མེད་པར་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཐོན་འདུག དེ་ཡང་ཟླ་བ་ ༣ ཚེས་ ༡༤༡༥ ཉིན་གཉིས་རིང་སྟག་རྩེ་རྫོང་ཁོངས་སུ་ངོ་རྒོལ་བྱེད་པའི་སྐབས་སུ་སེར་སྐྱ་མང་དག་ཅིག་འཛིན་བཟུང་བྱས་ཡོད། དགེ་འདུན་པའི་ཁོངས་སུ་ཐར་འདོད་དང། ཁོང་གི་སྤན་མཆེད་གཅིག ཆོས་དར། ལྷུན་གྲུབ། བསོད་ནམས་བཀྲིས། ཆུང་བདག ཟླ་བ་བཟང་པོ།(མི་སྐྱ་) སོགས་ཡོད། ད་བར་བཙོན་ཁང་ཚང་མར་རྩད་གཅོད་ཞུས་པར་ཁོང་ཚོའི་གྲས་རྩ་བ་ནས་རྙེད་མེད་པའི་གནས་ཚུལ་ཐོན་འདུག་པ་བཅས།།