༠༨།༦།༧
རྔ་བ་ཀིརྟི་དགོན་པ་ཁང་སྟོང་དུ་གྱུར་བའི་མཚམས་སུ་སླེབས་པ།
ཕྱི་ཟླ་ ༦ ཚེས་ ༡ ཉིན་ནས་བཟུང་ཨ་མདོ་རྔ་བ་རྫོང་ཁོངས་ཀྱི་ཀིརྟི་དགོན་པར་དགེ་འདུན་པ་རྣམས་གནས་མ་ཐུབ་པར་དགོན་པ་ཁང་སྟོང་དུ་གྱུར་ཉེན་ཡོད་པའི་གནས་ཚུལ་ཐོན་འདུག གནས་ཚུལ་འདིའི་ཐོག་མའི་བྱུང་རྐྱེན་ནི། ཕྱི་ཟླ་ ༣ པའི་ནང་དུ་བོད་ཆོལ་གསུམ་ཁྱོན་དུ་ཞི་རྒོལ་ཤུགས་ཆེ་བྱུང་བའི་ཁོངས། ཀིརྟི་དགོན་ནི་རྔ་བ་ཁུལ་གྱི་ཞི་རྒོལ་ལས་འགུལ་སྤེལ་ཤུགས་ཆེ་ཤོས་གྲས་ཡིན་པ་དང་། རྒྱ་གཞུང་གི་དྲག་གནོན་འོག་བསད་རྨས་ཚབས་ཆེ་བྱུང་ཡུལ་འཁེལ་ཡོད་པས། དགེ་འདུན་པ་རྣམས་ལ་འཛིན་བཟུང་དང་རྡུང་རྡེག དགོན་པ་སྔོག་བཤེར། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་ཤུགས་ཆེ་སྤེལ་བ་སོགས་བྱེད་བཞིན་ཡོད། ཕྱི་ཟླ་ ༣ ཚེས་ ༢༠ ཉིན་ནས་བཟུང་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་ཚོ་ཁག་བརྒྱད་དུ་བགོས་ཏེ་སློབ་གསོའི་ལས་འགུལ་སྤེལ་བཞིན་པའི་ཁོངས་སུ་བཙན་བྱོལ་བོད་གཞུང་མང་སྤྱི་དང་ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ངོ་རྒོལ་མཚོན་བྱེད་མི་རེ་རེའི་མིང་རྟགས་སམ་མཛུབ་ཐེལ་བསྡུ་རུབ་བྱེད་བཞིན་པ་དང་། གུང་ཁྲན་ཏང་ལ་དགའ་ཞེན་མཚོན་བྱེད་དགོན་པའི་སྟེང་དུ་རྒྱའི་དར་དམར་སྒྲེང་འཛུགས་བྱེད་དགོས་པ་བཅས་ཀྱི་བཙན་ཤུགས་གཏོང་བཞིན་པ་དེར་དགེ་འདུན་པ་རྣམས་ནས་དང་ལེན་བྱེད་འདོད་མེད་པ་ལྟར། ཕྱི་ཟླ་ ༦ ཚེས་ ༡ ནས་བཟུང་སློབ་གསོའི་ལས་འགུལ་ནང་དགེ་འདུན་པ་གཅིག་ཀྱང་ཞུགས་མེད་པ་མ་ཟད། ཚེས་ ༢ ཕྱི་དྲོ་ནས་ཚེས་ ༣ སྔ་དྲོའི་བར་དགུང་ལོ་ ༧༠ བརྒལ་བའི་དགེ་འདུན་བགྲེས་པ་ཁག་ཅིག་མ་གཏོགས་གཞན་གྲྭ་པ་ཡོངས་རྫོགས་དགོན་པ་ནས་ཉེན་གཡོལ་དུ་ཕྱིན་ཡོད་པར་བརྟེན། ད་ཆ་དགོན་པ་ཁང་སྟོང་དུ་འགྱུར་རྒྱུའི་མཚམས་སུ་སླེབས་ཡོད་འདུག
ལྷ་སར་དམག་མི་ཁྱོན་ཆེ་བཀྲམས་ཏེ་སླར་ཡང་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ། ཕྱི་ཟླ་ ༦ ཚེས་ ༡ ནས་བཟུང་ལྷ་སའི་ནང་དྲག་ཆས་ཉེན་རྟོག་དམག་མི་ཁྱོན་ཆེ་ཞིག་གློ་བུར་དུ་བཀྲམས་ཏེ་སླར་ཡང་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། ལྷ་སའི་ཉེ་ཁུལ་རྫོང་ཁག་གི་མང་ཚོགས་ཀྱང་ལྷ་སར་འགྲོ་སྐྱོད་བྱ་རྒྱུར་རྫོང་སོ་སོས་བཀག་འགོག་བྱེད་ཀྱི་ཡོད་འདུག དེའི་འབྱུང་རྐྱེན་གཙོ་བོ་ནི་ཉེ་ལམ་ཕྱི་ཟླ་ ༥ ཚེས་ ༢༤ ཉིན་ལྷ་སར་བོད་མི་ཁག་ཅིག་ནས་ཚོང་ཁང་དང་ཁྲོམ་བཏོན་འགོ་ཚུགས་པར་བོད་མི་ནང་ཁུལ་ནས་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཡོད། དེ་རྗེས་ལྷ་སའི་བར་བསྐོར་གཙོ་བོར་གྱུར་པའི་ས་ཁུལ་ཁག་ཅིག་ཏུ་བོད་པ་ཚོ་མཆོད་མཇལ་དུ་འགྲོ་རྒྱུ་མེད་པ་དང་། ཁྲོམ་དང་ཚོང་ཁང་སྒོ་འབྱེད་རྒྱུ་མེད་པ། དེ་ལྟར་མ་བྱས་ཚེ་སྤྱི་ཚོགས་སུ་ལྷིང་འཇགས་སླར་གསོ་བྱུང་ཡོད་སྐོར་རྒྱ་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་ལ་མགོ་སྐོར་གཏོང་རྒྱུ་ཡིན་པ་སོགས་ཀྱི་སྐོར་སྱར་ཡིག་ཐེངས་མང་ཐོན་བཞིན་ཡོད་པ་མ་ཟད། ཕྱི་ཟླ་ ༦ ཚེས་ ༡༢ སོ་སོར་ལྷ་སའི་བར་བསྐོར་ནང་བོད་མི་ཁྲོམ་བཏོན་མཁན་ཚོར་བོད་མི་ཁག་ཅིག་གིས་མི་འདོད་པའི་རྣམ་འགྱུར་མངོན་གསལ་དོད་པོ་བསྟན་ཡོད་པར་བརྟེན། ངོ་རྒོལ་སླར་ཡང་ཡོང་རྒྱུར་དོགས་ཏེ་འབྲེལ་ཡོད་ཚན་པས་དམ་བསྒྲགས་ཆེ་རུ་བཏང་བ་ཞིག་རེད་འདུག གཞན་ཡང་ཉེ་དུས་ནས་ལྷ་སའི་ནང་བོད་མི་ཚོས་མཆོད་མཇལ་དང་གླིང་བསྐོར་དུ་འགྲོ་རྒྱུ་འཛེམས་ཟོན་བྱས་ཏེ་རང་ཁྱིམ་དུ་སྡོད་མུས་རེད་འདུག དེ་ནི་དམ་བསྒྲགས་ཆེན་པོའི་འོག་མཆོད་མཇལ་དང་གླིང་བསྐོར་དུ་ཕྱིན་ནའང་སེམས་ལ་བདེ་སྐྱིད་ཐོབ་ཀྱི་མེད་པའི་བསམ་ཚུལ་ཤུགས་ཆེར་གླེང་སློང་བྱེད་བཞིན་ཡོད་སྐོར་འདི་གའི་གནས་ཚུལ་ཡོང་ཁུངས་ཀྱིས་འགྲེལ་བརྗོད་བྱས་ཡོད།
ཞི་རྒོལ་དུ་ཞུགས་མཁན་ཁག་མུ་མཐུད་འཛིན་བཟུང་བྱེད་བཞིན་པ། ཕྱི་ཟླ་ ༥ པར་གློད་གྲོལ་ཐོབ་པའི་ལྷ་སའི་སྲིད་དོན་བཙོན་པ་ཁག་ཅིག་ཟླ་བ་དེའི་ཟླ་མཇུག་ཏུ་བསྐྱར་དུ་འཛིན་བཟུང་བྱས་འདུག གཞན་ཡང་ཞི་རྒོལ་བྱེད་མཁན་གྲས་ཡིན་པར་དོགས་གཞི་བྱས་ཏེ་འཛིན་བཟུང་བྱས་པའི་མི་སྣ་ཁག་ཅིག་ལ་ལས་འགན་སྤྲད་དེ་གནས་སྐབས་གློད་གྲོལ་བཏང་བ་དང་། ལས་འགན་ཁོངས་སུ་གནས་ཚུལ་འཚོལ་བསྡུ་བྱ་རྒྱུ་དང་། དེ་སྔ་ངོ་རྒོལ་བྱེད་མཁན་མི་སྣ་ཁག་རྩིས་སྤྲོད་བྱ་དགོས་ཀྱི་བཙན་བཀའ་བཏང་ཡོད་པ་དང་། ལྷག་པར་ཁོང་ཚོར་ལྐོག་དངུལ་སྤྲད་དེ་ཟླ་ ༣ པའི་ངོ་རྒོལ་ནང་ཞུགས་མཁན་ཁག་ཅིག་མུ་མཐུད་འཛིན་བཟུང་བྱེད་ཀྱི་ཡོད་པའི་གནས་ཚུལ་འདུག
ཕྱི་ཟླ་ ༣ ཚེས་ ༡༤ ཉིན་ལྷ་སའི་ཞི་རྒོལ་ནང་མེ་མདའ་ཕོག་སྟེ་འདས་གྲོངས་སོང་བའི་མིང་གཞུང་གསར་པ མཚོ་མོ། རང་ལོ་ ༢༧ ཙམ། སྐྱེས་ཡུལ་གཞིས་ཀ་རྩེ་ས་ཁུལ་རྣམ་གླིང་རྫོང་ཨེ་མ་སྒང་ཤང་། ཕྱི་ལོ་ ༢༠༠༨།༣།༡༤ ཉིན་ལྷ་སར་གཙུག་ལག་ཁང་མདུན་མེ་མདའ་ཕོག་སྟེ་འདས་གྲོངས་སོང་བའི་གྲས་རེད་འདུག ཟླ་ ༣ ཚེས་ ༢༨ ཉིན་སྟོད་ལུང་ཁུལ་ཕུང་པོ་མང་པོ་ཞིག་སྡེབ་གཅིག་ཏུ་མེར་སྲེག་བཏང་བའི་ཁོངས་སུ་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུག
ལྷ་སའི་ཞི་རྒོལ་ནང་འདས་གྲོངས་སོང་བའི་འདྲ་དཔར་དང་ལོ་རྒྱུས་ཁ་གསལ།
1*དེ་སྔ་མིང་བཏོན་ཟིན་པའི་བོུ་བསྟན་འཛིན་ཞེས་པ་མིང་ཆ་ཚང་ལ་བསྟན་འཛིན་སྒྲོལ་དཀར་ཟེར་ཞིང་། རང་ལོ་ ༢༡ ཏུ་སོན། ཕ་མིང་ལ་ཀརྨ་ཕུན་ཚོགས། སྐྱེས་ཡུལ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་རྒུ་རུམ་ཤང་ཀྱོང་པ་གྲོང་ཚོ། ཟླ་ ༣ ཚེས་ ༡༤ ཉིན་ལྷ་སའི་ཞི་རྒོལ་སྐབས་མེ་མདའ་ཕོག་སྟེ་གཙུག་ལག་ཁང་མདུན་ངོས་སུ་འདས་གྲོངས་སོང་འདུག
2*དེ་སྔ་མིང་བཏོན་པ་ཟིན་པའི་གྲྭ་སྤེན་པ། རང་ལོ་ ༢༩ སྐྱེས་ཡུལ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་རྒུ་རུམ་ཤང་ཐང་སྟོད་གྲོང་ཚོ། ཕ་ཚེ་ལས་འདས་ཟིན། མ་མིང་ཟླ་སྒྲོན། དེ་སྔ་མཚུར་ཕུ་དགོན་པའི་གྲྭ་པ་ཡིན་པ་དང་། རྗེས་སུ་གནས་ནང་དགོན་པར་ཞུགས་ཏེ་ལོ་གསུམ་ཕྱོགས་གསུམ་གྱི་བསྙེན་མཚམས་སུ་བཞུགས་ཏེ་བླ་མའི་མཚན་གནས་བཞེས། ཟླ་ ༣ ཚེས་ ༡༤ ཉིན་ལྷ་སའི་ཞི་རྒོལ་ནང་ཞུགས་སྐབས་མེ་མདའ་ཕོག་སྟེ་འདས་གྲོངས་སོང་།།