ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །༢༠༠༨ ཕྱི་ཟླ་ ༦ ཚེས་ ༧ ཉིན་བོད་གཞུང་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༤༩ འཁོར་བའི་དུས་དྲན་དེ་བཞིན་འདི་ལོ་གསུམ་བཅུའི་དུས་དྲན་ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་སས་གཙོས་བོད་ཆོལ་ཁ་གསུམ་ནང་གཞིས་ལུས་བོད་མི་རྣམས་ཀྱིས་མ་གྲོས་སེམས་པ་གཅིག་མཐུན་གྱིས་སྒོ་ནས་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་ཏེ་མི་ལོ་ཧྲིལ་པོ་ ༥༠ ཙམ་རིང་བོད་མི་རིགས་ཐོག་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་དག་ལ་ཞི་བའི་ཐོག་ནས་ངོ་རྒོལ་རྒྱ་ཁྱབ་སྤེལ་བར་རྒྱ་གཞུང་ནས་ཡ་ང་སྙིང་རྗེ་སྤ་ཙམ་མེད་པར་དྲག་གནོན་ཤུགས་ཆེ་བྱས་ཡོད་པའི་ནང་ཚེ་སྲོག་ཤོར་བ་དང་། འཛིན་བཟུང་བྱས་པ། དེ་བཞིན་རྨས་སྐྱོན་ཕོག་པའི་གཞིས་ལུས་སྤན་ཟླ་རྣམས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དང་། གཡོ་བ་མེད་པའི་ལྷག་བསམ་ལ་གུས་བཀུར་དང་རྗེས་སུ་ཡི་རངས་མཚོན་ཆེད་དུ་དམིགས་ནས་སྲུང་བརྩི་ཞུས་ཡོད་པ་རེད། ཐེངས་འདིའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་གདན་ཞུས་གནང་སྟེ་མཛད་སྒོའི་ཐོག་མར་སྣང་གསལ་ཞལ་ཕྱེ་གནང་བ་དང་སྦྲགས་རྐྱེན་འདས་སུ་གྱུར་བའི་གཞིས་ལུས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་སྐར་མ་གཅིག་རིང་ངག་བཅད་མྱ་ངན་དང་། དེ་རྗེས་རིམ་པས་མཛད་སྒོ་ཁག་དབུ་འཛུགས་གནང་སྟེ་སྐུ་མགྲོན་གཙོ་བོ་མཆོག་ནས་ལོ་རིམ་གཉིས་པའི་སློབ་གཉེར་རྣམས་དང་། འཛིན་རིམ་བཅུ་པ། ཞབས་ལོ་ཉི་ཤུ་འཁོར་བའི་ལས་བྱེད་རྣམས་པར་ཕྱག་རྟགས་དང་། རྒྱ་ལུ་དང་རྔོན་པའི་རུ་ཁག་གཉིས་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་རྒྱ་ལུའི་རུ་ཁག་དང་། ཨང་གཉིས་པ་རྔོན་པའི་རུ་ཁག་ལ་གནང་རྗེས་བཀའ་སློབ་གསུང་བཤད་གནང་བ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།།