ཕྱི་ལོ་ ༢༠༠༨ ཟླ་ ༠༦ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །བོད་མི་དམངས་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་ནས་ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༢༡ ཉིན་བལ་ཡུལ་གྱི་སྲིད་བློན་སྐུ་ཞབས་ཤི་རི་གིར་ཇ་པར་སཌ་ཀོའེ་ར་ལ་(Shri. Girija Prasad koirala)མཆོག་ལ་འབོད་སྐུལ་གྱི་འཕྲིན་ཡིག་ཅིག་ཕུལ་བའི་ནང་འཁོད་དོན། ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༡༩ ཉིན་འཛིན་བཟུང་བྱས་པའི་བོད་མིའི་སྤྱི་ཚོགས་ཀྱི་འགོ་ཁྲིད་གསུམ་གྱིས་གཙོས་ཉེ་ཆར་འཛིན་བཟུང་བྱས་པའི་བོད་མི་དེ་དག་ལ་བར་འདུམ་ཞིག་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་མ་ཟད།
འབོད་སྐུལ་གྱི་འཕྲིན་ཡིག་དེའི་ནང་མུ་མཐུད་བཀོད་དོན། དུས་རབས་བདུན་པའི་སྐབས་ཀྱི་བོད་དང་བལ་ཡུལ་བར་མཛའ་མཐུན་གྱི་འབྲེལ་ལམ་དམ་ཟབ་བྱུང་ཡོད་པ་དང་། དུས་རབས་ ༡༧ ནས་ ༢༠ ཏེ་ཕྱི་ལོ་ ༡༩༥༩ ལོར་བོད་བཙན་བཟུང་མ་བྱས་བར་གྱི་འབྲེལ་ལམ། བོད་ཀྱི་ཤོག་དངུལ་དང་པོ་དེ་བལ་ཡུལ་དུ་བཟོས་ཡོད་པ། བོད་གཞུང་སྐུ་ཚབ་བལ་ཡུལ་དུ་ནང་པའི་མཆོད་རྟེན་ཁག་ལ་མཆོད་འབུལ་དང་། གནས་སྐོར་ཆེད་ལོ་ལྟར་བཅར་གྱི་ཡོད་སྐོར། བལ་ཡུལ་གཞུང་མཉམ་འབྲེལ་རྒྱལ་ཚོགས་ནང་འཛུལ་བཞུགས་གནང་སྐབས་བོད་དང་བལ་ཡུལ་བར་ཕྱི་ལོ་ ༡༩༥༦ ལོར་བཞག་པའི་ཆིངས་ཡིག་ལ་ཆ་འཇོག་གནང་སྐོར་དང་། དེ་ནས་བཟུང་གོར་ཥ་གཞུང་ནས་བོད་ལ་རོགས་རམ་དང་། སྲུང་སྐྱོབས་གང་ཐུབ་གནང་རྒྱུའི་ཁས་ལེན་གནང་ཡོད་སྐོར། ཕྱི་ལོ་ ༡༩༡༢ ལོར་བཞག་པའི་བོད་རྒྱའི་ཆིངས་ཡིག་དེར་བལ་ཡུལ་གཞུང་གིས་དཔང་པོ་བྱས་རྐྱེན་རྒྱ་གཞུང་གི་དམག་མི་བོད་ཀྱི་ས་ཐོག་ནས་ཕྱིར་ཐེན་བྱས་སྐོར། དེ་ནས་བཟུང་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་གཉན་འཕྲང་ཅན་ཞིག་ཏུ་འགྱུར་ཡོད་པ་བཅས་སོགས་བཀོད་ཡོད་པ་དང་།
ད་དུང་མུ་མཐུད་ནས་འཁོད་དོན། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ཉིན་ནས་བཟུང་བོད་ཀྱི་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པའི་ནང་མུ་མཐུད་རྔམ་སྟོན་ཁྲོམ་སྐོར་བྱས་རྐྱེན་འཛམ་གླིང་ཡུལ་གྲུ་ཁག་གིས་དོ་སྣང་དང་རྒྱབ་སྐྱོར་ཐོབ་ཡོད་པ་དང་། རྔམ་སྟོན་ཁྲོམ་སྐོར་དེའི་རིང་བོད་མི་མང་པོ་ཞིག་དམར་གསོད་དང་། མནར་གཅོད། བཙོན་འཇུག་མུ་མཐུད་ནས་བྱེད་ཀྱི་ཡོད་སྟབས། གཞིས་ལུས་བོད་མི་དེ་དག་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་བལ་ཡུལ་དུ་ཡོད་པའི་བོད་མི་སྐྱབས་བཅོལ་བ་རྣམས་ཀྱིས་གཞིས་བྱེས་བོད་མི་གཞན་བཞིན་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱེད་གཞིན་ཡོད་པ་རེད། བོད་མི་མང་སྤྱི་འཐུས་ངོས་ནས་བོད་མིའི་སྤྱི་ཚོགས་ཀྱི་འགོ་ཁྲིད་གསུམ་གྱིས་གཙོས་བོད་མི་མང་པོ་བཙོན་མཇུག་བྱས་ཡོད་པ་གོ་ཐོས་བྱུང་བས་བློ་ཕམ་ཆེན་པོ་བྱུང་། དེར་བརྟེན་བཙན་བྱོལ་བོད་མིའི་སྤྱི་འཐུས་ལྷན་ཚོགས་ནས་སྐུ་ཞབས་ཤི་རི་གིར་ཇ་པར་སཌ་ཀོའེ་ར་ལ་མཆོག་ནས་བར་འདུམ་གནང་སྟེ་བོད་མི་སྐྱབས་བཅོལ་བ་ཚོར་མང་གཙོའི་ལམ་ནས་སྟངས་འཛིན་གནང་རྒྱུ་དང་། ཁོང་ཚོར་སྨྲ་་བརྗོད་རང་དབང་བེད་སྤྱོད་ཆོག་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་བཀོད་ཡོད་པ་རེད།།