ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །བོད་གཞུང་ཆོས་རིག་ལས་ཁུངས་ནས་ལོ་ལྟར་བོད་ཟླ་ ༥ ཚེས་ ༡༠ སྟབས་བསྟུན་གྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཧཱ་གུ་རུའི་འབུམ་ཚོགས་འབུལ་གཤོམ་ཞུ་མུས་བཞིན། འདི་ལོ་ཡང་བོད་རྒྱལ་ལོ་ ༢༡༣༥ རབ་བྱུང་རི་ཟླའི་ས་བྱི་ལོའི་བོད་ཟླ་ ༥ ཚེས་ ༦ ནས་ཚེས་ ༡༠ དང་། ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༨ ནས་ཚེས་ ༡༢ བར་ཉིན་གྲངས་ལྔའི་རིང་༸རྒྱལ་བའི་སྐུ་ཕྱྭ་དང་། བོད་དོན་བདེན་མཐའ་གསལ་ཐབས་སུ་དམིགས་ཏེ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་སྟོང་ཚར་དང་། རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་རྣམ་གྲྭ་འདུས་ཚོགས་དང་། བཞུགས་སྒར་གནས་འཁོད་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ། གཞན་ཡང་གཉུག་མར་གནས་པ། གློ་བུར་ལྷགས་པའི་དགེ་བཙུན་སྔགས་གསུམ་བཅས་ནས་བྱང་གཏེར་རིག་འཛིན་གདུང་སྒྲུབ་ཀྱི་སྒོ་ནས་མཧཱ་གུ་རུའི་ཚོགས་མཆོད་འབུམ་ཐེར་སྨིན་སྒྲུབ་ཞུ་རྒྱུར་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་དང་། བཞེས་བག དགུང་ཚིགས་དཀར་སྐྱོང་། དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་བཅས་འབུལ་རྒྱུ་ལགས་ན། ཆོས་ཐུན་སྔ་དྲོ་ཕྱག་ཚོད་ ༦་༣༠ ནས་ ༡༢་༠༠ བར་དང་། ཉིན་རྒྱབ་ཕྱག་ཚོད་ ༡་༣༠ ནས་ཕྱག་ཚོད་ ༤་༣༠ བར་ཡིན་པས། བོད་མི་སེར་སྐྱ་ཡོངས་ནས་༸རྒྱལ་བའི་སྐུ་ཕྱ་དང་། བསྟན་སྲིད་རྩ་དོན་ལ་གལ་ཆེ་དགོངས་བཞེས་ཀྱིས་ཕྱག་དཔེ་མཉམ་བསྣམས་ཐོག་འབུམ་ཚོགས་སུ་ངེས་ཕེབས་ཡོང་བའི་ཆོས་བརྡར།།