ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །བོད་གཞུང་ཤེས་རིག་ལས་ཁུངས་ནས་གནང་གནས་ནང་། ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༢ ནས་ ༣ བར་ཉིན་གཉིས་རིང་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་གཏན་སློབ་ཁག་དྲུག་གི་རེག་ཊར་དང་རྩིས་དྲུང་གི་ཚོགས་འདུ་སྐོང་ཚོགས་གནང་ཡོད་པ་རེད། ཕྱི་ཚེས་ ༢ ཉིན་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཐོག་ཤེས་རིག་བཀའ་བློན་མཆོག་ནས་གཏན་སློབ་རེག་ཊར་ལས་ཁུངས་ཀྱི་རྩིས་ཁྲའི་འགྲོ་སྟངས་ཁྲིམས་མཐུན་བཟོ་ཕྱོགས་དང་འབྲེལ་བའི་སྐོོར་ལ་ཤེས་རིག་ནས་ཐག་གཅོད་ཇི་གནང་དང་། མ་འོངས་པར་ལམ་སྟོན་གསལ་དུ་གཏོང་ཕྱོགས་དང་འབྲེལ་བའི་བཀའ་སློབ་གནང་བ་དང་སྦྲགས་ཚོགས་འདུ་དབུ་འབྱེད་གནང་ཡོད་པ་རེད།
ཐེངས་འདིའི་ཚོགས་འདུའི་ཐོག་ཤེས་རིག་ཚན་པ་ཁག་གི་འགན་འཛིན་དང་འབྲེལ་ཡོད་ལས་བྱེད་བཅས་མཉམ་ཞུགས་གནང་ཡོད་པ་རེད། ཚོགས་འདུའི་རིང་གཏན་སློབ་ཁག་ཏུ་སློབ་འཇུག་དང་། སྲོང་བཙན་སློབ་ཡོན། ཆོས་དགེ་བསྐོ་གཞག་དང་སློབ་ཁྲིད་ལས་དོན་སྐོར། གཞན་ཡང་ཤེས་ཡོན་དང་འབྲེལ་བའི་དོན་གནད་ཐོག་གོ་བསྡུར་གནང་ཡོད་པ་རེད།
ཕྱི་ཚེས་ ༣ ཉིན་གྱི་ཆུ་ཚོད་ ༡༢།༣༠ ཐོག་ཤེས་རིག་དྲུང་ཆེ་མཆོག་ནས་རེག་ཊར་ལས་ཁུངས་ཀྱི་སྔོན་རྩིས་ཁྲིམས་མཐུན་བཟོ་ཕྱོགས་དང་འབྲེལ་བའི་སྐོར་དང་། མ་འོངས་པར་འགན་ཁུར་གནང་ཕྱོགས། གཞན་ཡང་རེག་ཊར་རྣམས་ནས་ཐུགས་ཁུར་གནང་སྒོ་བཅས་མཇུག་བསྡོམས་ཀྱི་གསུང་བཤད་གནང་ནས་ཚོགས་འདུ་ལེགས་གྲུབ་བྱུང་ཡོད་པ་བཅས།།