ཕྱི་ལོ་ ༢༠༠༨ ཟླ་ ༠༥ ཚེས་ ༡༢ རེས་གཟའ་ཕུར་བུ།
དེ་ཉིན་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཐོག་ཨོ་སི་ཀྲོ་ལི་ཡའི་གྲོང་ཁྱེར་སིཌེ་ནིའི་ (Sydney) ནང་ཨོ་ལེམ་པིཀ་ཚུགས་ཡུལ་ཨོ་ལེམ་པིཀ་པཀ་ (Olympic Park) ཞེས་པའི་ཚོགས་ཁང་ཤིན་ཏུ་ཆེན་པོ་ཞིག་གི་ནང་དུ་རྒྱལ་ཁབ་ཁག་མི་འདྲ་བ་ ༡༥ ཙམ་ནས་བཅར་བའི་དད་ལྡན་ཆོས་ཞུ་བ ༥༠༠༠ ཙམ་ལ་སློབ་དཔོན་ཀ་མ་ལ་ཤཱི་ལས་བརྩམས་པའི་གོམ་རིམ་བར་པའི་བཀའ་ཆོས་གནང་ཡོད་པ་རེད།
ཉིན་དགུང་ཆུ་ཚོད་ ༡༢།༣༠ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགྲོན་ཁང་གི་ཁང་ཆེན་ཞིག་གི་ནང་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༡༠༠ ལྷག་ཙམ་ལ་མཇལ་འཕྲད་གནང་སྟེ། ད་བར་ཁོང་རྣམས་ཀྱིས་རོགས་རམ་གནང་བར་རྗེས་སུ་ཡི་རངས་དང་། ཐུགས་རྗེ་ཆེ་ཞེས་བཀའ་སྩལ་བ་དང་སྦྲགས་བོད་རྒྱའི་འབྲེལ་ལམ་ཐོག་གི་གནས་ཚུལ་བྱུང་བ་གསར་ཤོས་རྣམས་འགྲེལ་བརྗོད་གནང་སྟེ། ཉེ་དུས་རྒྱ་ནག་གཞུང་གིས་༸གོང་ས་མཆོག་གི་སྐུ་ཚབ་དང་མཇལ་འཕྲད་ཞུ་གི་ཡིན། ཞེས་བརྗོད་པ་དེ་ནི་དེ་སྔའི་འབྲེལ་གཏུག་ཁག་བྱུང་བ་དང་ཡོངས་སུ་མི་འདྲ་བ་ཞིག་ཏུ་འགྱུར་ཡོད། གང་ཡིན་ཞེ་ན། དེ་སྔ་༸གོང་ས་མཆོག་གི་སྐུ་ཚབ་ནས་རྒྱ་མིའི་འགོ་ཁྲིད་ཁག་དང་གྲོས་མོལ་ཐེངས་དྲུག་གནང་ཡོད་ཀྱང་། དེ་དག་རྒྱ་ནག་གཞུང་ཕྱོགས་ནས་གསལ་བསྒྲགས་བྱེད་རིགས་གང་ཡང་བྱུང་ཡོད་པ་མ་རེད། ཡིན་ནའང་ཉེ་དུས་ཀྱི་ཐུག་འཕྲད་དེ་རྒྱ་ནག་དབུས་གཞུང་ཕྱོགས་ནས་ཡོངས་བསྒྲགས་སུ་གསལ་བསྒྲགས་བྱས་ཡོད་པ་དང་། དེ་ལྟར་མ་བྱས་གོང་རྒྱ་གར་དང་ཨོ་སི་ཀྲོ་ལི་ཡ་སོགས་རྒྱལ་ཁབ་ཁག་གི་གཞུང་ཚབ་ལ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་སྔོན་ལ་བརྡ་ཐོ་གཏང་སྟེ། ང་ཚོས་ཏཱ་ལའི་བླ་མའི་སྐུ་ཚབ་དང་ཐུགས་འཕྲད་བྱ་རྒྱུ་ཡིན། ཞེས་བརྗོད་ནས་ཉིན་ཤས་ཀྱི་རྗེས་སུ་རྒྱ་ནག་དབུས་གཞུང་ནས་ཏཱ་ལའི་བླ་མའི་སྐུ་ཚབ་དང་མཇལ་འཕྲད་བྱེད་རྒྱུ་ཡིན། ཞེས་ཡོངས་བསྒྲགས་སུ་གསལ་བསྒྲགས་སྤེལ་ཡོད་པ་མ་ཟད། སྲིད་འཛིན་ཧུའུ་ཅིང་ཐའོ་ཡིས་ཀྱང་དེ་ལྟར་ཁས་ལེན་བྱས་ཡོད་པ་རེད། དེར་བརྟེེན་ཕྱོགས་གཉིས་ཀྱི་བགྲོ་གླེང་དངོས་གཞི་དེ་འདི་ཟླའི་ཟླ་འཇུག་ཡང་ན་ཕྱི་ཟླ་ ༧ པའི་ཚེས་ཤར་དུ་འགོ་འཛུགས་ཐུབ་རྒྱུའི་ཐུགས་རེ་གནང་གི་ཡོད། ཅེས་བཀའ་སྩལ་ཡོད་པ་རེད།
ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དབུ་ཁྲིད་ཀྱིས། བོད་རྒྱ་གྲོས་མོལ་ལ་དུས་འགྱངས་བྱུང་བར་ང་ཚོར་བློ་འཚབ་ཧ་ཅང་ཆེན་པོ་ཡོད། ཅེས་གསུངས་ཡོད་པ་རེད།
དེ་ཉིན་ཕྱི་དྲོ་ཆུ་ཚོད་ ༥ པ་ཡོལ་ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆག་གིས་གསར་འགོད་པ་སོགས་གང་ཡང་མེད་པའི་ཐོག་ནས་ཨོ་སི་ཀྲོ་ལི་ཡའི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་དང་མཇལ་འཕྲད་གནང་ཡོད་པ་རེད།
ཐེངས་འདིའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨོ་སི་ཀྲོ་ལི་ཡའི་ནང་ཆིབས་སྒྱུར་དེ་བཞིན་ཆིབས་སྒྱུར་ཐེངས་ ༦ པ་དེ་ཡིན་པ་རེད་འདུག ཚེས་ ༡༥ བར་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་ཡིན་འདུག
ཨོ་སི་ཀྲོ་ལི་ཡའི་སྲིད་བློན་ཁི་ཝན་རུཌི་(Kevin Rudd) མཆོག་གིས་རེས་གཟའ་ལྷག་པའི་ཉིན་ཧོང་ཀོང་དུ་གཟིགས་སྐོར་གནང་བཞིན་པའི་སྐབས་གསར་འགོད་ལྷན་ཚོགས་ཐོག་ཁོང་གིས་གསུང་དོན། བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐེངས་འདིའི་ཨོ་སི་ཀྲོ་ལི་ཡར་སྐྱོང་བཞིན་པའི་ཆིབས་སྒྱུར་སྐབས་སུ་མགོན་པོ་གང་ཉིད་དང་མཇལ་འཕྲད་ཞུ་ཐུབ་མེད་ནའང་། མ་འོངས་པར་མཇལ་འཕྲད་ཞུ་རྒྱུའི་གྲ་སྒྲིག་ཡོད། ཅེས་གསུངས་ཡོད་པ་དང་མུ་མཐུད་གསུང་དོན། དེ་སྔ་སྲིད་བློན་ཁོང་ཉིད་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ཡིན་པའི་སྐབས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་མྱོང་ཡོད་པ་མ་ཟད། སྲིད་བློན་གོང་མ་ཇོན་ཧོ་རཌེ་(John Howard) མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་དང་གསུང་མོལ་ཞུས་ཡོད་པས་བོད་མིའི་༸སྐྱབས་མགོན་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་དེ་ནི་དུས་ཡུན་ཧ་ཅང་རིང་པོའི་སྔོན་ནས་ཡོད་པའི་ང་ཚོའི་ལངས་ཕྱོགས་ཤིག་ཡིན་པས། ཨོ་སི་ཀྲོ་ལི་ཡའི་གཞུང་ནས་ལངས་ཕྱོགས་དེ་ལ་འགྱུར་བ་གང་ཡང་མེད། ཅེས་པའི་གསལ་བཤད་ཅིག་གནང་ཡོད་པ་རེད།།