༄༅། །ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༣ ཚེས་ ༡༠ ཉིན་རྒྱལ་ས་ལྷ་སར་བོད་མི་མང་ཚོགས་ཀྱིས་ཞི་བའི་གྱེན་ལངས་བྱས་ཏེ་མི་ལོ་ ༤༩ འཁོར་བའི་དུས་ཚིགས་འདིར་བོད་མི་རིགས་ཀྱི་དོན་དུ་དཀའ་སྡུག་ཚད་མེད་མྱངས་ཤིང་། ལུས་སྲོག་དོར་བའི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་སྨོན་འདུན་དང་། ད་ལྟའང་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད། བོད་ཕྱི་ནང་དུ་གནས་པའི་བོད་རིགས་རྣམས་དང་། བོད་དོན་རྒྱབ་སྐྱོར་བ། དྲང་བདེན་ལ་དགའ་བའི་མང་ཚོགས་བཅས་ཚང་མར་འཚམས་འདྲི་ཡོད།
ད་ཕན་མི་ལོ་བཅུ་ཕྲག་དྲུག་ལ་ཉེ་བའི་རིང་ཆོལ་གསུམ་བོད་རིགས་ཡོངས་རྫོགས་རང་དབང་གི་གོ་སྐབས་བྲལ་ཏེ་དྲག་གནོན་འོག་འཇིགས་དངངས་དོགས་ཟོན་ཁོ་ནའི་ངང་གནས་དགོས་བྱུང་ན་ཡང་། ཆོས་དད་དང་རིགས་ཞེན། བོད་ཀྱི་ཐུན་མིན་ལེགས་བྱང་སོགས་རྒྱུན་འཛིན་ཐོག རང་དབང་གི་མངོན་འདོད་ཉམས་མེད་གནས་ཐུབ་པ་ནི་བོད་མི་རིགས་ཀྱི་འགྲན་ཟླ་བྲལ་བའི་སྙིང་སྟོབས་ཀྱི་དཔལ་ཡོན་ཁྱད་པར་བ་ཞིག་ཡིན་པས་ངས་སྙིང་ནས་དགའ་སྤོབས་ཆེན་པོས་ཡི་རང་བསྔགས་བརྗོད་བྱེད་རྒྱུ་ཡིན།
འཛམ་གླིང་ཁྱོན་ཡོངས་སུ་དྲང་བདེན་དང་། ཞི་བདེ་ལ་དགའ་བའི་གཞུང་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ། མང་ཚོགས་རྒྱ་ཆེན་པོས་བོད་དོན་ཐོག་ཐུགས་ཁུར་དང་རྒྱབ་སྐྱོར་རྒྱུན་མཐུད་ཡོད་མུས་ཐོག འདས་པའི་ལོའི་ནང་རྒྱལ་ཁབ་མང་པོའི་གཞུང་དང་མང་ཚོགས་ནས་བོད་དོན་ལ་རྒྱབ་སྐྱོར་གྱི་ངོ་བོ་མཚོན་པའི་རྣམ་འགྱུར་གལ་ཆེ་མང་དག་ཅིག་གསལ་སྟོན་བྱུང་བར་བཀྲིན་རྗེས་དྲན་བྱེད་རྒྱུ་ཡིན།
བོད་ཀྱི་དཀའ་རྙོག་ནི་ཆབ་སྲིད་དང་། སྤྱི་ཚོགས། ཁྲིམས་དོན། འགྲོ་བ་མིའི་ཐོབ་ཐང་། ཆོས་དང་ལེགས་བྱང་། མི་རིགས་ཀྱི་ངོས་འཛིན། དཔལ་འབྱོར། རང་བྱུང་ཁོར་ཡུག་སོགས་དོན་གནད་སྣ་མང་དང་འབྲེལ་བ་གཏིང་ཟབ་ཡོད་པའི་རྙོག་འཛིང་ཆེ་བ་ཞིག་ཡིན་སྟབས། དེ་སེལ་བའི་ཐབས་ལམ་ཡང་ཕྱོགས་གཅིག་གི་ཁེ་ཕན་ཁོ་ནར་མ་བལྟས་པར་ཀུན་ཕན་ཡོངས་ཁྱབ་ཀྱི་ཐབས་ལམ་ཞིག་འཚོལ་དགོས་པར་བརྟེན། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དམ་འཛིན་གྱི་ཐོག་ནས་ད་བར་ལྷག་བསམ་རྣམ་དག་དང་ཁ་ཞེ་གཉིས་མེད་ཀྱིས་འབད་རྩོལ་རྒྱུན་འཁྱོངས་བྱས་པའི་བྱུང་རིམ་ནང་ཕྱི་ལོ་ ༢༠༠༢ ལོ་ནས་བཟུང་ངོས་ཀྱི་ངོ་ཚབ་རྣམས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་རྣམས་དང་གླེང་གཞིའི་གནད་དོན་ངེས་ཅན་ཐོག་འབྲེལ་མོལ་ཐེངས་དྲུག་བྱས་ཡོད་ཅིང་། དེ་དག་གི་སྐབས་ཁོང་ཚོའི་དོགས་པ་རྣམ་རྟོག་རྣམས་སེལ་ཆེད་དང་། ང་ཚོའི་མངོན་འདོད་གང་ཡིན་གསལ་སྟོན་ཆེད་གང་ཅིའི་ཐོག་འགྲེལ་བརྗོད་གླེང་མོལ་ཞིབ་རྒྱས་བྱས་པ་ལ་བརྟེན་ནས་ཕན་ཚུན་གོ་རྟོགས་སྤེལ་བར་ཕན་ཆ་བྱུང་ཡོད་ཀྱང་། གཞི་རྩའི་གནད་དོན་ཐོག་གྲུབ་འབྲས་གང་ཡང་མ་བྱུང་བ་དང་། འདས་པའི་ལོ་ཤས་ནང་བོད་དུ་དྲག་གནོན་གདུག་རྩབ་ཆེ་རུ་བཏང་བ་བཅས་ནི་ཧ་ཅང་བློ་ཕམ་གྱི་གནས་ཚུལ་ཡིན། འོན་ཀྱང་ངའི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་དང་བོད་རྒྱའི་འབྲེལ་མོལ་མུ་མཐུད་བྱ་རྒྱུར་འགྱུར་བ་མེད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བློ་འཚབ་བྱེད་ཡུལ་ཆེ་ཤོས་ཤིག་ནི་བོད་ཀྱི་ཁྲིམས་མཐུན་བདག་དབང་གི་གནས་བབ་དེ་ཡིན་ཞིང་། དེ་རྩོད་མེད་ཁྲིམས་མཐུན་ཡོང་ཐབས་གཙོ་བོ་ནི་རྒྱ་ནག་གཞུང་གིས་བོད་རིགས་མི་མང་རྣམས་འདོད་བློ་ཁེངས་ཤིང་ཡིད་ཆེས་རྙེད་པའི་སྲིད་བྱུས་ཤིག་བཟུང་དགོས་པ་དེ་ཡིན། དེ་འདྲའི་ལམ་ནས་གཉིས་མོས་ཀྱི་འགྲིགས་ཆགས་ཤིག་བྱུང་ན་ངའི་ངོས་ནས་བོད་མིའི་མོས་མཐུན་ཡོང་ཐབས་ཀྱི་འབད་བརྩོན་བྱ་རྒྱུ་ཡིན་པ་ལན་མང་བརྗོད་ཡོད།
ད་ལྟའི་ཆར་བོད་ཀྱི་ནང་མིག་རྒྱང་བསྲིངས་མ་ཐུབ་པའི་བྱེད་ཕྱོགས་སྣ་ཚོགས་ཀྱིས་རྐྱེན་པས་རང་བྱུང་ཁོར་ཡུག་ལ་ཉམས་ཆག་ཚབས་ཆེ་བཏང་བ་དང་། མི་འབོར་སྤོ་ཞུགས་ཀྱིས་བོད་རིགས་མིན་པའི་མི་གྲངས་ཧ་ཅང་མང་དུ་སོང་བས་བོད་མི་རྣམས་རང་ཡུལ་ནང་གྲངས་ཉུང་དུ་འགྱུར་བཞིན་པ་ནས་སྐད་ཡིག་དང་། ཡུལ་གོམས་གཤིས་ལུགས་སོགས་བོད་མིའི་རང་གཤིས་ངོ་བོ་རིམ་ཡལ་གྱིས་མི་རིགས་ཆེན་པོའི་ནང་མངོན་མེད་དུ་སིམ་བཞིན་པར་མ་ཟད། དྲག་གནོན་གྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་དང་། ཆོས་དད་རང་དབང་ལ་བཀག་འགོག ཆོས་ཕྱོགས་ཀྱི་གནས་ཚུལ་སྲིད་དོན་དུ་བེད་སྤྱོད་ལོག་པར་བྱེད་པ་སོགས་བྱ་སྤྱོད་སྣ་ཚོགས་སྤེལ་བཞིན་འདུག་པ་དེ་དག་ནི་བོད་མི་རིགས་ཀྱི་རིན་ཐང་ལ་བརྩི་བཀུར་མེད་པ་དང་། བོད་རྒྱ་མི་རིགས་ཁ་བྲལ་བཏང་སྟེ་མི་རིགས་མཐུན་བསྒྲིལ་ལ་འགོག་རྐྱེན་ཆེན་པོ་ཆེད་དུ་བཟོས་པ་ཞིག་ཡིན་པས་འཕྲལ་དུ་མཚམས་འཇོག་དགོས་པའི་སྐུལ་ལྕག་བྱེད་ཀྱི་ཡོད།
བོད་རིགས་གནས་ཡུལ་རྣམས་སུ་རང་སྐྱོང་ལྗོངས་དང་། རང་སྐྱོང་ཁུལ། རང་སྐྱོང་རྫོང་སོགས་ཀྱི་མིང་བཏགས་ཡོད་ཀྱང་། དེ་དག་ནི་རང་སྐྱོང་གི་མིང་ཚིག་སྟོང་པ་ལས། རང་སྐྱོང་གི་དོན་སྙིང་ཅི་ཡང་མེད་པར་ས་གནས་ལ་རྒྱ་རིགས་ཀྱིས་ཁུལ་དེའི་གནས་ཚུལ་མི་ཤེས་ཤིང་། མའོ་ཙེ་ཏུང་གིས་གསུངས་པ་ལྟར་རྒྱ་རིགས་ཆེན་པོའི་རིང་ལུགས་འཛིན་ནས་དབང་འཛིན་བྱས་པའི་རྐྱེན་གྱིས་མི་རིགས་ཀྱི་ཁེ་ཕན་ཆ་ཚང་བ་བསྒྲུབས་མ་ཐུབ་པ་དང་། དངོས་ཡོད་གནས་ཚུལ་མ་ཡིན་པར་བཅོས་མའི་རྣམ་འགྱུར་བཟོ་སྒྲིག་གི་སྲིད་བྱུས་གྲངས་ཉུང་མི་རིགས་སྨོས་ཅི། རྒྱ་ནག་རྒྱལ་ཁབ་ཀྱི་ཆིག་བསྒྲིལ་དང་བརྟན་ལྷིང་ལ་གནོད་སྐྱོན་ཆེན་པོ་ཡོང་གི་ཡོད་པས། ཏེང་ཞའོ་ཕིང་གིས་གསུངས་པ་བཞིན་དོན་དམ་གྱི་དངོས་ཐོག་བདེན་འཚོལ་དགོས་གལ་ཆེ།
ངོས་ནས་རྒྱལ་སྤྱིའི་ཐོག་བོད་མིའི་བདེ་སྡུག་གི་གནས་ཚུལ་འགྲེལ་བརྗོད་བྱས་པར་རྒྱ་ནག་གཞུང་གིས་མི་འདོད་པའི་སྐྱོན་བརྗོད་ཤུགས་ཆེ་བྱེད་ཀྱི་ཡོད་ཀྱང་། བོད་རྒྱ་གཉིས་སྨན་གྱི་ཐག་གཅོད་ཅིག་མ་བྱུང་བར་ངོས་ལ་ལོ་རྒྱུས་དང་བཟང་སྤྱོད་ཀྱི་འོས་འགན་ཡོད་སྟབས་བོད་མི་མང་གི་མགྲིན་ཚབ་པ་རང་དབང་ཅན་ཞིག་མུ་མཐུད་བྱེད་རྒྱུ་མཚམས་འཇོག་བྱེད་ཐབས་མེད། གཞི་རྩའི་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་མང་ཚོགས་ཀྱིས་འོས་བསྡུའི་ལམ་ནས་འདེམས་སྲོལ་འགོ་ཚུགས་ཟིན་པ་ལྟར། ངོས་རང་ཕྱེད་རྒས་ཡོལ་གྱི་གནས་བབས་སུ་ཡོད་པ་ཀུན་གྱིས་ཤེས་གསལ་ཡིན།
རྒྱ་ནག་མྱུར་ཚད་མགྱོགས་པོའི་དཔལ་འབྱོར་འཕེལ་རྒྱས་ལ་བརྟེན་ནས་སྟོབས་ཆེན་རྒྱལ་ཁབ་ཀྱི་ངོ་བོ་འཐོན་བཞིན་ཡོད་པ་ནི་དགའ་སྤྲོ་བྱེད་འོས་པ་ཞིག་ཡིན་ལ། འཛམ་གླིང་གི་སྡིངས་ཆའི་ཐོག་གལ་ཆེའི་ཞབས་འདེགས་བསྒྲུབ་རྒྱུའི་ཆ་རྐྱེན་དང་གོ་སྐབས་ཡོད་པ་ཡིན། ད་ལྟའི་དབུ་ཁྲིད་རྣམས་ཀྱིས་འཆམ་མཐུན་གྱི་སྤྱི་ཚོགས་དང་། ཞི་བའི་སྒོ་ནས་ཡར་རྒྱས་ཞེས་བརྗོད་པའི་ལྟ་གྲུབ་དེ་དག་ལག་ལེན་འཁེལ་རྒྱུར་འཛམ་གླིང་ཕལ་མོ་ཆེས་རེ་སྒུག་བྱེད་བཞིན་ཡོད། ལྟ་གྲུབ་དེ་དག་དོན་འཁེལ་ཡོང་བར་དཔལ་འབྱོར་ཡར་རྒྱས་རྐྱང་པས་མི་ཆོག་པར་ཁྲིམས་ཀྱི་དབང་སྒྱུར་དང་། ཕྱི་གསལ་ནང་གསལ། གནས་ཚུལ་མཁོ་སྤྲོད། ་བརྗོད་རང་དབང་བཅས་ཚད་ལོངས་པ་ཞིག་ངེས་པར་ཡོང་བ་བྱེད་དགོས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་མི་རིགས་མང་པོ་འདུས་པའི་རྒྱལ་ཁབ་ཅིག་ཡིན་སྟབས། རྒྱལ་ཁབ་བརྟན་ལྷིང་ཡོང་བར་མི་རིགས་ཁག་དོན་དམ་གྱི་འདྲ་མཉམ་དང་། མི་རིགས་སོ་སོའི་ཐུན་མིན་གྱི་ངོས་འཛིན་སྲུང་སྐྱོབ་བྱ་རྒྱུའི་རང་དབང་བཅས་ངེས་པར་དུ་ཡོད་དགོས།
ཉེ་ཆར་འདི་ཟླའི་ཚེས་ ༦ ཉིན་སྲིད་འཛིན་ཧུའུ་ཅིན་ཐའོས། བོད་ཀྱི་བརྟན་ལྷིང་ནི་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་། བོད་ཀྱི་སྲུང་སྐྱོབ་ནི་རྒྱལ་ཁབ་ཀྱི་སྲུང་སྐྱོབ་ཡིན་པས། བོད་མིའི་འཚོ་ཐབས་ཡར་རྒྱས་དང་། ཆོས་དང་། མི་རིགས་དང་འབྲེལ་བའི་ལས་དོན་ལ་ལེགས་བཅོས། སྤྱི་ཚོགས་འཆམ་མཐུན་རྒྱུན་སྐྱོང་སོགས་དགོས་ཚུལ་གསུང་འདུག་པ་ནི་དངོས་དོན་དང་མཐུན་པ་ཞིག་རེད། དེ་དག་དངོས་སུ་ལག་བསྟར་ཡོང་བའི་རེ་སྒུག་བྱེད་རྒྱུ་ཡིན།
འདི་ལོ་ཨོ་ལམ་པིཀ་རྩེད་འགྲན་པེ་ཅིང་དུ་འཚོག་རྒྱུར་རྒྱ་ནག་མི་མང་གིས་དགའ་སྤོབས་དང་བཅས་ཏེ་ངང་སྒུག་བྱེད་བཞིན་པ་ལྟར། ངོས་ཀྱིས་ཐོག་མ་ནས་རྒྱ་ནག་ལ་ཨོ་ལམ་པིཀ་རྩེད་འགྲན་གྱི་གོ་སྐབས་སྤྲོད་དགོས་པའི་རྒྱབ་སྐྱོར་བྱས་ཡོད། འོན་ཀྱང་རྒྱལ་སྤྱིའི་རྩེད་འགྲན་འདི་རིགས་ནི་འགྲོ་བ་མིའི་རང་དབང་དང་། འདྲ་མཉམ། མཛའ་མཐུན་སོགས་མཚོན་པའི་རྣམ་འགྱུར་ཞིག་ཡིན་སྟབས། རྒྱ་ནག་གིས་རྩེད་འགྲན་འདིའི་མགྲོན་བདག་ཡག་པོ་ཞིག་བྱེད་ཆེད་རྒྱལ་ནང་དུ་་བརྗོད་དང་། གནས་ཚུལ་མཁོ་སྤྲོད། བསམ་ཚུལ་གསལ་བཏོན་སོགས་ཀྱི་རང་དབང་དང་། གུ་ཡངས་ཡར་རྒྱས་གཏོང་དགོས་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་རྩེད་མོ་བ་གཏོང་རྒྱུས་མཚོན་འདི་སྐོར་རྒྱ་ནག་ལ་དྲན་བསྐུལ་བྱེད་དགོས། རྒྱལ་སྤྱིའི་ཐོག་གྲོས་ཚོགས་དང་། མི་སྒེར། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོ་ཞིག་བཅས་ཀྱིས་རྩེད་འགྲན་འདི་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིག་ཡོང་རྒྱུའི་གོ་སྐབས་བཟང་ཤོས་སུ་མཐོང་ནས་ལས་འགུལ་མང་པོ་ཞིག་སྤེལ་བཞིན་ཡོད་པར་ཁོང་ཚོའི་ལྷག་བསམ་ལ་ཡི་རང་བྱེད་ཀྱི་ཡོད། འོན་ཀྱང་ནན་བརྗོད་བྱེད་དགོས་པ་ཞིག་ལ་ཨོ་ལམ་པིཀ་རྩེད་འགྲན་མཇུག་འགྲིལ་རྗེས་ཀྱི་དུས་ཚོད་ལ་བསམ་ཞིབ་བྱ་རྒྱུ་གལ་ཆེ་ཡིན། རྩེད་འགྲན་འདིས་རྒྱ་ནག་མི་མང་གི་སེམས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་རྒྱུར་ངེས་པས། ཨོ་ལམ་པིཀ་རྩེད་འགྲན་གྱི་རྗེས་སུ་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་མུ་མཐུད་ཡོང་ཆེད་འཛམ་གླིང་རྒྱ་ཁྱབ་ཀྱི་ནུས་ཤུགས་འདོན་རྒྱུའི་ཐབས་ལམ་འཚོལ་དགོས།
ད་རེས་ཀྱི་གོ་སྐབས་འདི་བརྒྱུད་བོད་ནང་ཡོད་པའི་བོད་མི་རྣམས་ཀྱི་ལྷག་བསམ་དང་། སྙིང་སྟོབས། ཆོད་སེམས་བཅས་ལ་དགའ་སྤོབས་ཆེན་པོས་བསྔགས་བརྗོད་བྱེད་རྒྱུ་མ་ཟད། འབྱུང་འགྱུར་ཡང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པའི་མི་རིགས་ཀྱི་ཁེ་ཕན་དང་། ཐོབ་ཐང་རྣམས་བོད་མིས་མཚོན་པའི་གྲངས་ཉུང་མི་རིགས་ཚང་མས་ལོངས་སུ་སྤྱོད་ཐུབ་པ་ཡོང་ཐབས་སུ་འཚེ་བ་མེད་པ་དང་། ཁྲིམས་མཐུན་གྱི་འབད་རྩོལ་མུ་མཐུད་བྱེད་དགོས།
དེ་རིང་གི་གོ་སྐབས་འདིའི་ཐོག་རྒྱ་གར་གཞུང་མང་ཡོངས་ནས་བཙན་བྱོལ་བོད་མི་དང་། བོད་དོན་ཐོག་རྒྱབ་སྐྱོར་འགྲན་བྲལ་རྒྱུན་མཐུད་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་། རྒྱལ་སྤྱིའི་ནང་བོད་དོན་ཐོག་ཐུགས་ཁུར་གནང་མཁན་གྱི་གཞུང་མང་ཡོངས་ལ་བཀྲིན་རྗེས་དྲན་དང་། འགྲོ་ཀུན་བདེ་བའི་སྨོན་ལམ་བཅས། ཤཱཀྱའི་དགེ་སྦྱོང་ཏཱ་ལའི་བླ་མས་ ༢༠༠༨ ཕྱི་ཟླ་ ༣ ཚེས་ ༡༠ ལ།། །།