༄༅། །བོད་རྒྱུད་ནང་བསྟན་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་བཀའ་ཨང་ལྔ་པ་ཞེས་པ་དོན་ཚན་ ༡༤ ཡོད་པའི་ཡིག་ཆ་ཞིག་འགྲེམས་སྤེལ་བྱས་ཏེ་ཕྱི་ལོ་ ༢༠༠༧ ཟླ་ ༩ ཚེས་ ༡ ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ལུགས་བཀོད་འདུག་པ་དེ་ནི་ཆོ་མེད་ཁུངས་བྲལ་ཞིག་ཡིན་པ་དང་། ཡིག་ཆ་དེའི་འགོ་མཇུག་ཀུན་ཏུ་རང་ཚིག་སྔ་ཕྱི་འགལ་བ་དང་། ཞེ་འདོད་དང་ཚིག་བརྗོད་འགལ་བའི་ལྟག་ཆོད་ཀྱི་ཕུང་པོ་ཞིག་ལས་མ་འདས་ཀྱང་བཙན་འོག་ཏུ་ཡོད་པའི་བོད་རིགས་རྣམས་ལ་མ་ཉེས་ཁ་གཡོག་གིས་དྲག་གནོན་གདུག་རྩབ་བྱ་གཞིའི་ལག་ཆ་ཆེན་པོ་ཞིག་དང་། ལོ་རྒྱུས་ནང་འཁྱོགས་བཤད་ཀྱི་གཞི་རྩར་འགྲོ་རྒྱུ་ཡིན་སྟབས་འདིའི་ནང་དོན་ལ་ཅུང་ཟད་དཔྱད་པའི་སྒོ་ནས་ངོས་ལེན་མེད་པའི་བསྒྲགས་གཏམ་ཞིག་ངེས་པར་དུ་སྤེལ་དགོས་པར་མཐོང་།
༡༽ ཆོས་དད་རང་དབང་ཞེས་པའི་གོ་དོན་ཡུལ་མི་ཀུན་ལ་ཆོས་ལུགས་གང་ལའང་དད་མོས་བྱེད་མིན་དང་། དད་མོས་ཡོད་པ་རྣམས་ཀྱིས་ཆོས་ཀྱི་ཉམས་ལེན་དང་། ཁྱབ་སྤེལ་གྱི་ལས་དོན་རང་འདོད་ལྟར་བྱེད་ཆོག་པ། ཁྱད་པར་ཆོས་ཕྱོགས་ཀྱི་བྱ་བའི་ནང་གཞུང་དང་སྲིད་དོན་གྱི་ཐེ་བྱུས་མེད་པ་ཞིག་དགོས་པ་འཇིག་རྟེན་ཡོངས་གྲགས་དང་། དེང་དུས་ཆོས་ལུགས་ཀྱི་རྒྱལ་ཁབ་མིན་པའི་གཞུང་ཚང་མས་རང་རང་གི་ཡུལ་མིའི་ཆོས་ལུགས་ཀྱི་བྱེད་སྒོ་གང་ལའང་ཐེ་བྱུས་བཏང་འཛིན་མི་བྱེད་པ་སྤྱི་སྲོལ་དུ་གནས་ཡོད།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རང་ཉིད་ཆོས་མེད་རིང་ལུགས་ཀྱི་སྲིད་གཞུང་ཡིན་པ་ཁས་འཆེ་བ་མ་ཟད། རྩ་ཁྲིམས་ནང་ཆོས་དད་རང་དབང་ཡང་སྤྱི་དམངས་ཀྱི་གཞི་རྩའི་ཁེ་དབང་དུ་བཞག་བཞིན་དུ་རྒྱལ་ནང་གི་ཆོས་ལུགས་ཡོངས་སུ་རྫོགས་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཡོངས་ལ་སྲིད་དོན་གྱི་དགོས་མཁོ་དང་བསྟུན་ཏེ་བཙན་དབང་གི་ལམ་ནས་ཐེ་བྱུས་བཏང་འཛིན་བྱེད་བཞིན་པ་འདི་ནི་འཇིག་རྟེན་སྐྱེ་འགྲོ་སྤྱི་དང་། ཁྱད་པར་ཆོས་དད་ཡོད་པའི་མིའི་འགྲོ་བ་ཡོངས་ཀྱིས་དོ་སྣང་ཆེན་པོས་གདོང་ལེན་བྱེད་དགོས་པ་ཞིག་ཡིན།
༢༽ གོང་སྨོས་ཡིག་ཆའི་ནང་ཆོས་དད་རང་དབང་འགན་སྲུང་དང་། བོད་རྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་གདན་རབས་རྒྱུན་འཛིན་གྱི་བྱེད་ཐབས་ལ་བརྩི་བཀུར་སོགས་བཀོད་འདུག་པ་ནི་ངོ་ཚ་བྲལ་བའི་གཏམ་སྟེ། བཀའ་རྩ་འདི་བོད་མི་རིགས་ཀྱི་ཆོས་དད་རང་དབང་དང་། བོད་རྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་གདན་རབས་རྒྱུན་འཛིན་བྱེད་ཐབས་ལ་རྩིས་མེད་གཏོང་བའི་བྱེད་ཐབས་ཤིག་ཡིན་པ་ནི་ཧ་ཅང་མངོན་གསལ་དོད་པོ་རེད། སྤྲུལ་སྐུ་ངོས་འཛིན་བྱེད་ཚུལ་དར་བ་ནས་བཟུང་ད་བར་ལོ་གྲངས་བརྒྱ་ཕྲག་མང་པོའི་རིང་བླ་མ་སོ་སོའི་ཞལ་སློབ་དང་། རང་གི་གདན་སའི་སྣེ་མོ་བ་རྣམས་ཀྱིས་དད་པ་དང་དམ་ཚིག་གིས་རང་དབང་དུ་སྤྲུལ་སྐུ་ངོས་འཛིན་བྱེད་པ་ལས། རྒྱལ་ཁབ་དང་སྒྲིག་འཛུགས་ཀྱི་བཀའ་འཁྲོལ་ཞུ་དགོས་པའི་དུས་ཚོད་བྱུང་མ་མྱོང་། སྤྲུལ་སྐུ་ངོས་འཛིན་ཞེས་པ་ནི་གོང་རིམ་གྱིས་བསྐོ་གཞག་གམ། མང་ཚོགས་ཀྱིས་འདེམས་སྒྲུག ཡང་ན་གདན་ཐོབ་དང་གོ་གནས་སྦྱིན་པ་ལྟ་བུ་མ་ཡིན་པར་སྐུ་གོང་མ་དེ་ཉིད་སླར་ཡང་སྐྱེ་བ་གང་དུ་བཞེས་པ་དེ་འཚོལ་སྒྲུག་བྱེད་རྒྱུ་ཡིན་པས། དེ་ནི་སྤྲུལ་སྐུ་རང་ཉིད་ཀྱིས་སྔོན་གནས་རྗེས་དྲན་གྱི་དན་རྟགས་དང་། མངོན་ཤེས་ཅན་གྱི་བླ་མའམ་ལྷ་སྲུང་། ཡང་ན་ཆོས་ཕྱོགས་ཀྱི་བརྟག་དཔྱད་བྱ་བའི་ཐབས་ལམ་གཞན་དག་གི་བརྒྱུད་ནས་ངོས་འཛིན་བྱ་རྒྱུ་མ་གཏོགས། མཐུན་ཚོགས་དང་སྲིད་གཞུང་སོགས་ཀྱིས་བྱ་ཐབས་ནམ་ཡང་མེད་པ་ནི་ཆོས་དང་སྤྱི་ཚོགས་ཀྱི་འགྲོ་སྟངས་གཉིས་ཀའི་ནང་ཧ་ཅང་གསལ་པོ་རེད།
༣༽ སྐྱེས་བུ་དམ་པ་རྣམས་སླར་ཡང་སྤྲུལ་སྐུར་ཕེབས་པ་ནི་བསྟན་འགྲོའི་དོན་གྱི་ཆེད་ཡིན་པས་དེ་དག་གི་མཛད་འཕྲིན་གཞུང་གི་བཀའ་འཁྲོལ་ཡོད་མེད་དང་། ངོས་འཛིན་བྱེད་མིན་ལ་རག་མ་ལུས་གཤིས། སྤྲུལ་སྐུ་ངོས་འཛིན་བྱེད་ཐབས་ཀྱི་བཀའ་ཁྱབ་བཏང་བའི་ནང་དོན་དམིགས་ཡུལ་བོད་རྒྱུད་ནང་བསྟན་ཉམས་དམས་གཏོང་རྒྱུ་དང་། གཞུང་བསྐོས་སྤྲུལ་སྐུ་རྣམས་ཀྱི་བརྒྱུད་བོད་རིགས་ལ་དབང་སྒྱུར་བྱེད་རྒྱུའི་ཕུགས་རེ་གཉིས་ཀ་བསྒྲུབ་མི་ཐུབ་པ་ནི་རིང་མིན་མངོན་གསལ་དུ་འགྱུར་ངེས། ད་ལྟའང་རྒྱ་དམར་སྲིད་གཞུང་གིས་བསྐོས་པའི་བླ་ཆེན་ལ་བོད་མི་མང་ཚོགས་ཀྱིས་ངོས་ལེན་དང་དད་མོས་ཇི་ཡོད་ཀུན་གསལ་རེད།
༤༽ ཡང་ལོ་རྒྱུས་ཐོག་གསེར་བུམ་དཀྲུགས་ཏེ་ངོས་འཛིན་བྱེད་པའི་སྤྲུལ་སྐུ་རྣམས་ཀྱི་ཡང་སྲིད་ངོས་འཛིན་ཐད་གསེར་བུམ་དཀྲུགས་འདོན་ལག་ལེན་བྱ་རྒྱུ་ཞེས་འཁོད་པ་ནི་རྒྱ་དམར་གཞུང་གིས་སྐབས་སོ་སོའི་དགོས་མཁོ་དང་བསྟུན་རང་འདོད་བསྒྲུབ་རྒྱུའི་ཐབས་ལམ་ཞིག་ཏེ། དཔེར་ན་པཌྷ་ཆེན་སྐུ་ཕྲེང་དགུ་པའི་ཡང་སྲིད་ལ་གསེར་བུམ་དཀྲུགས་མི་དགོས་པར་ཐག་གཅོད་ཡོང་ཐབས་བྱས་པ་དང་། སྐུ་ཕྲེང་བཅུ་པའི་ཡང་སྲིད་སྲོལ་རྒྱུན་དང་ཆོས་ཕྱོགས་ཀྱི་ལམ་སྲོལ་ལྟར་ངོས་འཛིན་ཟིན་རྗེས་སླར་ཡང་གསེར་བུམ་དཀྲུགས་དགོས་པའི་བཙན་བཀའ་བཏང་བ་མ་ཟད། གསེར་བུམ་དཀྲུགས་པའི་ཆོ་ག་སྲོལ་རྒྱུན་ལྟར་མ་བྱས་པའི་ཁར། འོས་སྤྲུལ་ཡོངས་ཀྱི་མཚན་མ་བཅུག་པར་རང་འདོད་ཀྱི་འོས་སྤྲུལ་དབང་ཤེད་ཀྱིས་བཅུག་པ་དང་། དེ་ཡང་ཤོག་སྟེགས་བཅུག་པ་སོགས་ཆོས་དང་སྲོལ་རྒྱུན། ལོ་རྒྱུས། ཡ་རབས་བཟང་སྤྱོད་གང་ལའང་མ་བསྟུན་པར་གཞུང་གཅིག་གིས་སྐབས་སོ་སོའི་སྲིད་དོན་གྱི་དགོས་མཁོ་དང་བསྟུན་ཏེ་ཐག་གཅོད་སྔ་རྗེས་མ་འདྲ་བ་གཉིས་བྱས་པ་ཀུན་གྱི་ཤེས་ཚོར་ཡོད་པ་དེ་རེད།
༥༽ ཡིག་ཆ་འདིའི་ནང་ ” སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལ་རྒྱལ་ཁབ་ཕྱི་ལོག་གི་སྒྲིག་འཛུགས་དང་། མི་སྒེར་སུ་ཞིག་གིས་ཀྱང་ཐེ་གཏོགས་དང་ཁ་ལོ་བསྒྱུར་མི་ཆོག ” ཅེས་བཀོད་པ་དེ་ནི་རྒྱ་གཞུང་གི་ཕུགས་བསམ་དངོས་སུ་གསལ་བའི་བཀའ་རྩ་འདིའི་དགོས་དམིགས་གཙོ་བོ་དེ་རེད། ད་ལྟའི་སྐབས་འདིར་བོད་རྒྱུད་ནང་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པའི་དབུ་ཁྲིད་རྣམ་པ་ཚང་མ་བོད་ཕྱི་ལ་བཙན་བྱོལ་དུ་བཞུགས་ཡོད་པ་དང་། ཁོང་རྣམས་ཀྱིས་ཆོས་བརྒྱུད་སོ་སོའི་བླ་སྤྲུལ་ངོས་འཛིན་ལ་ལམ་སྟོན་དང་། མཐའ་མའི་ཐག་གཅོད་གནང་མི་དགོས་པའི་བླ་སྤྲུལ་ངོས་འཛིན་བྱ་ལམ་ཞིག་དོད་ན་བོད་ཀྱི་ཐུན་མིན་བླ་སྤྲུལ་ངོས་འཛིན་བྱ་ཕྱོགས་ཀྱི་ཆོས་ལུགས་ཀྱི་སྲོལ་རྒྱུན་རྩ་མེད་དུ་འགྲོ་རྒྱུ་དང་། ངོས་འཛིན་ཆོག་མཆན་ཐོབ་ཟེར་བའི་སྤྲུལ་སྐུ་རྫུན་མ་ཇེ་མང་དུ་འགྲོ་རྒྱུ། མང་ཚོགས་ཀྱིས་དེ་འདྲའི་སྤྲུལ་སྐུ་རྣམས་ལ་དད་གུས་ཡིད་ཆེས་རྩ་བརླག་དང་། བོད་རྒྱུད་ནང་བསྟན་ཉམས་དམས་ཚབས་ཆེ་ཡོང་རྒྱུ་ངེས་པ་རེད། བཀའ་རྩ་འདིའི་བརྒྱུད་ནས་བོད་ནང་གནས་སྡོད་ནང་ཆོས་རྗེས་འཇུག་པ་རྣམས་སོ་སོའི་བླ་ཆེན་རྣམས་དང་ཁ་བྲལ་དུ་གཏོང་རྒྱུ་དང་། བོད་ཀྱི་ཆེས་མཐོའི་བླ་སྤྲུལ་ཁག་གི་ཡང་སྲིད་རྫུན་མ་གཞུང་གིས་དམིགས་འཛུགས་བྱ་རྒྱུ། ལྷག་པར་ཕྱིའི་ཡུལ་ཁག་ཏུ་འཁྲུངས་པའི་ཡང་སྲིད་འཁྲུལ་བྲལ་རྣམས་རྩིས་མེད་གཏོང་རྒྱུའི་རེ་སྟོང་ཞིག་བཅངས་རུང་། དེ་ནི་ནམ་ཡང་འགྲུབ་ཐབས་མེད་པའི་རེ་སྟོང་ཞིག་ཡིན་པ་སུས་ཀྱང་ཤེས་ཐུབ།
༦༽ བྱེད་ཐབས་འདི་དངོས་སུ་ལག་ལེན་བསྟར་སྐབས་གལ་གནད་ཆེ་ཤོས་ཡང་སྲིད་ངོས་འཛིན་ཆོག་པའི་བཀའ་འཁྲོལ་དང་། ངོས་འཛིན་ཟིན་པའི་སྤྲུལ་སྐུ་ལ་ཆོག་མཆན་སྤྲོད་རྒྱུ་བཅས་ཀྱི་ལས་དོན་ཐག་གཅོད་བྱེད་ཕྱོགས་ཀྱི་གཞི་རྩ་ཇི་འདྲ་ཞིག་ཡིན་པ་ཡིག་ཆ་འདིའི་ནང་གསལ་པོ་མི་འདུག ཡང་སྲིད་ངོས་འཛིན་ཆོག་པའི་བཀའ་འཁྲོལ་གནང་མཁན་དང་། ངོས་འཛིན་ཟིན་པའི་ཡང་སྲིད་ལ་ཆོག་མཆན་གནང་མཁན་ཞིང་ཆེན་ནམ་རང་སྐྱོང་ལྗོངས་ཀྱི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཚན་དང་། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་འབྲེལ་ཡོད་ལས་ཁུངས་སོ་སོའི་མཛད་གཙོ་རྣམ་པས་ཡང་སྲིད་ཀྱི་བྱུང་རབས་དངོས་བདེན་ཡིན་པ་དང་། སྐྱེ་ཕྲེང་རིམ་པར་བྱོན་པ་ཞིག་ཡིན་པ། ངོས་འཛིན་བྱེད་པའི་སྤྲུལ་སྐུ་དེ་སྐུ་གོང་མའི་ཡང་སྲིད་འཁྲུལ་མེད་ཡིན་པ་ངེས་པ་རྙེད་པའི་ཐོག་ནས་བཀའ་འཁྲོལ་དང་ཆོག་མཆན་གནང་རྒྱུ་ཡིན་ནམ། ཡང་ན་རང་སྣང་གང་དྲན་རལ་གྲི་གནམ་གཡུགས་ཀྱིས་བཀའ་འཁྲོལ་དང་། ཆོག་མཆན་གནང་རྒྱུ་ཡིན། གལ་སྲིད་ཡིད་ཆེས་རྙེད་པའི་ཐོག་ནས་བཀའ་འཁྲོལ་དང་ཆོག་མཆན་གནང་རྒྱུ་ཡིན་ན་རྒྱ་ནག་དམར་པོའི་གཞུང་གི་མཛད་གཙོ་རྣམས་ཀྱིས་བོད་རྒྱུད་ནང་བསྟན་གྱི་ལྟ་གྲུབ་རྣམས་ཁས་ལེན་དང་ཉམས་ལེན་གནང་བ་ཡིན་པས། ཆོས་ཟེར་བ་སྤྱི་ཚོགས་ཀྱི་ཡར་རྒྱས་འགོག་བྱེད་ཉལ་ཐ་དང་། རྨོངས་དད་ཡིན་པར་འཛིན་པའི་དམར་པོའི་ལྟ་གྲུབ་དོར་ཟིན་པའི་ངོས་ལེན་གསལ་པོ་གནང་དགོས། གལ་ཏེ་ཡིད་ཆེས་གང་ཡང་མེད་པར་རང་སྣང་གང་དྲན་ཐག་གཅོད་གནང་རྒྱུ་ཡིན་ན་བྱེད་ཐབས་འདིས་མཚོན་པས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཆོས་ཕྱོགས་ལ་འཛིན་པའི་སྲིད་བྱུས་ཡོངས་རྫོགས་གཡོ་སྒྱུ་དང་། རྫུན་གྱི་རང་བཞིན་ཁོ་ན་ཡིན་པའི་དན་རྟགས་ཟློག་མེད་ཅིག་མ་ཡིན་ནམ། འོན་ཀྱང་གཡོ་སྒྱུའི་རྫུན་གཏམ་འདིས་བོད་མི་རིགས་དང་། འཛམ་གླིང་མང་ཚོགས་མགོ་སྐོར་བཏང་ཐུབ་ཐབས་མེད།
༧༽ གོང་དུ་སྨོས་པའི་རྒྱུ་མཚན་དེ་དག་ལ་བརྟེན་ནས་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་བཀའ་ཨང་ལྔ་པ་ཞེས་པ་འདི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་དང་འགལ་བ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ནང་འགལ། ལོ་རྒྱུས་དང་མི་མཐུན་པ། བོད་རྒྱུད་ནང་ཆོས་ལ་དད་མོས་ཡོད་པའི་རྒྱ་ཆེའི་མི་མང་གི་མངོན་འདོད་དང་རྒྱབ་འགལ་ཡིན་པ་མ་ཟད། བོད་རྒྱུད་ནང་བསྟན་ཉམས་དམས་དང་། བོད་མི་རིགས་ལ་མཐོང་ཆུང་གཉའ་གནོན་བྱ་རྒྱུའི་ལག་ཆ་གསར་པ་ཞིག་ཡིན་སྟབས་བོད་རྒྱུད་ནང་བསྟན་ཆོས་བརྒྱུད་ཡོངས་ཀྱི་དབུ་ཁྲིད་བླ་ཆེན་རྣམ་པ་དང་། ཆོས་བརྒྱུད་སོ་སོའི་གྲྭ་བཙུན་སྔགས་གསུམ་གྱིས་མཚོན་པས་རྗེས་འཇུག་སེར་སྐྱ་མི་མང་། བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་བཅས་ནས་མགྲིན་དབྱངས་གཅིག་གྱུར་གྱིས་ངོས་ལེན་མེད་པའི་གསལ་བསྒྲགས་བྱེད་རྒྱུ་ཡིན།
དེ་དང་ཆབས་ཅིག་གཞིས་བཞུགས་བོད་རིགས་སྤྱི་དང་། ཁྱད་པར་བོད་རང་སྐྱོང་ལྗོངས་དང་། རང་སྐྱོང་ཁུལ། རང་སྐྱོང་རྫོང་ཟེར་བ་སོགས་ཀྱི་ནང་ཡོད་པའི་བོད་རིགས་འགོ་ཁྲིད་དང་། ལས་བྱེད། ཏང་མི། མང་ཚོགས་སེར་སྐྱ་ཡོངས་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་གནས་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་ནང་གོང་རིམ་རྒྱལ་ཁབ་གཞུང་གི་ལས་ཁུངས་ཀྱི་གྲོས་ཆོད་དང་། ཆོད་དོན། བཀའ་རྒྱ། མཛུབ་སྟོན་བཅས་ལས་རང་སྐྱོང་ས་གནས་ཀྱི་གནས་ཚུལ་དངོས་དང་མི་མཐུན་པའི་རིགས་བྱུང་ན་གོང་རིམ་ལ་སྙན་གསན་ཞུས་ཏེ་ལག་བསྟར་མ་བྱེད་ཀྱང་འཐུས་ཚུལ་གསལ་བ་བཞིན། བཀའ་རྩ་འདི་ནི་བོད་རིགས་རང་སྐྱོང་ས་གནས་ཀྱི་གནས་ཚུལ་དངོས་དང་གཏན་ནས་མི་མཐུན་པ་ཡིན་པས་ཁྲིམས་མཐུན་གོང་རིམ་ལ་སྙན་གསན་ཞུས་ཏེ་ངོས་ལེན་དང་ལག་བསྟར་མི་དགོས་པའི་ཞུ་བསྐུལ་མཐའ་སྐྱེལ་གནང་དགོས་པའི་ལམ་སྟོན་དང་འབོད་བསྐུལ་ནན་པོ་ཞུ་རྒྱུ་བཅས་བོད་རྒྱུད་ནང་བསྟན་ཆོས་བརྒྱུད་ཆེན་པོ་བཞི་དང།གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་བླ་ཆེན་རྣམས་དང་།
བཙན་བྱོལ་བོད་གཞུང་ཆོས་རིག་ལས་ཁུངས་ཐུན་མོང་ནས་ཕྱི་ལོ་ ༢༠༠༧ ཟླ་ ༩ ཚེས་ ༢ ལ།། ཆོས་རིག་བཀའ་བློན།།