༅། །བོད་མི་མང་གིས་རང་དབང་སྒེར་ལངས་བྱས་ཏེ་མི་ལོ་བཞི་བཅུ་ཞེ་དྲུག་ཧྲིལ་པོ་འཁོར་བའི་དུས་དྲན་གྱི་ཉིན་མོ་འདིའི་ཐོག་ངོས་ནས་བོད་གཞིས་བྱེས་གཉིས་སུ་གནས་པའི་བོད་རིགས་སྤན་ཟླ་རྣམས་དང་། དེ་བཞིན་འཛམ་གླིང་ཁྱོན་དུ་ཡོད་པའི་ང་ཚོའི་གྲོགས་པོ་ཚོ་བཅས་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན།
འདས་པའི་ལོ་བཅུ་ཕྲག་བཞིི་བརྒལ་བའི་རིང་བོད་ནང་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་དང་། དཔལ་འབྱོར་འཕེལ་རྒྱས་ཆེན་པོ་བྱུང་བ་དང་ཆབས་ཅིག་གཞི་རྩའི་འཛུགས་སྐྲུན་ཁག་ཀྱང་ཡར་རྒྱས་ཆེན་པོ་བྱུང་ཡོད། ཀར་མོ་ནས་ལྷ་ས་བར་མེ་འཁོར་ལྕགས་ལམ་བཟོ་སྐྲུན་བྱེད་བཞིན་ཡོད་པ་འདི་ནི་དཔེ་མཚོན་ཞིག་ཡིན། འོན་ཀྱང་དུས་ཡུན་དེའི་རིང་རང་དབང་ཅན་གྱི་གསར་འགྱུར་དང་། ཡུལ་སྐོར་སྤྲོ་འཆམ་ལ་འགྲོ་མཁན་བཅས་ཀྱིས་བོད་ནང་གི་ཕྱི་ཚུལ་ཙམ་མིན་པར་དངོས་ཡོད་གནས་སྟངས་སྐོར་རྩོམ་ཡིག་མང་པོ་སྤེལ་ཡོད་ཅིང་། མང་ཆེ་བའི་རྩོམ་ཡིག་ནི་རྒྱ་ནག་གཞུང་གི་བཅོས་མའི་བརྗོད་ཚུལ་དང་ཐ་དད་རེད་འདུག བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་མོས། རང་སྲིད་རང་སྐྱོང་བཅས་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་སྐྱོན་བརྗོད་གསལ་འདོན་བྱས་ཡོད་པ་རེད། དོན་དངོས་བོད་ཀྱི་འདས་པའི་གནས་ཚུལ་དང་། ད་ལྟའི་གནས་སྟངས་གསལ་པོར་བརྗོད་ན། བོད་རང་སྐྱོང་ལྗོངས་བཙུགས་ནས་ད་བར་འགོ་ཁྲིད་ལྟེ་བ་རྒྱ་རིགས་ཁོ་ནས་བྱེད་བཞིན་པ་དང་། བོད་མིའི་ཐོག་དོགས་པ་རྣམ་རྟོག་དང་། དོ་དམ་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དེ་ཡིན། དེས་གང་ཞིག་སྟོན་གྱི་ཡོད་ཅེ་ན། བོད་ནང་དོན་དམ་གྱི་མི་རིགས་འདྲ་མཉམ་དང་། གཅིག་ཡིད་གཅིག་ཆེས་ཀྱི་མཐུན་སྒྲིལ། བརྟན་ལྷིང་བཅས་མེད་པའི་གཞི་རྩའི་དཀའ་ངལ་ཡོད་པ་གསལ་པོར་བསྟན་ཡོད།
བོད་ནང་ཡོད་པའི་བཀུར་འོས་བོད་རིགས་ཀྱི་འགོ་ཁྲིད་གྲགས་ཅན་ཚོས་དུས་ནས་དུས་སུ་གནད་དོན་འདིའི་སྐོར་གླེང་སློང་བྱས་ཡོད་པ་དང་། ཁོང་ཚོའི་སྙིང་སྟོབས་ཆེ་བའི་བྱ་སྤྱོད་དེ་རིགས་ཀྱིས་རྐྱེན་པས་དཀའ་སྡུག་ཀྱང་ཚད་མེད་མྱོང་དགོས་བྱུང་ཡོད། དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུའི་འགོ་སྟོད་དུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་གོང་མས་རྒྱ་ནག་གཞུང་གི་དབུ་ཁྲིད་ཚོར་སྙན་ཞུ་ཞིག་ཕུལ་བའི་ནང་བོད་མི་མང་གི་དཀའ་སྡུག་དང་། སེམས་ནང་གི་རེ་འདུན་གསལ་པོར་བཀོད་པ་གནང་ཡོད། བོད་རིགས་ཀྱི་འགོ་ཁྲིད་ནང་ནས་དམར་པོའི་ལྟ་བ་འཛིན་མཁན་ཐོག་མའི་གྲས་འབའ་པ་ཕུན་ཚོགས་དབང་རྒྱལ་གྱིས་ཀྱང་ཉེ་དུས་དབྱིན་ཡིག་ཐོག་ཁོང་གི་ལོ་རྒྱུས་དེབ་ཅིག་བཏོན་པ་དེའི་ནང་བོད་མི་མང་གི་ཁེ་ཕན་རྣམས་བསྒྲུབ་རྒྱུ་ནི་དགོས་གཏུགས་ཆེ་བའི་སྐོར་རྒྱས་གླེང་བྱས་འདུག དེ་བཞིན་བོད་རིགས་མཐོ་རིམ་འགོ་ཁྲིད་མང་ཆེ་བའི་སེམས་ཀྱི་གཏིང་ནང་ཡིད་བློ་མི་ཚིམས་པའི་མྱོང་ཚོར་ཆེན་པོ་ཡོད་པ་གསལ་པོ་རེད།
རྒྱ་ནག་གཞུང་གིས་འདི་ལོ་བོད་རང་སྐྱོང་ལྗོངས་བཙུགས་ཏེ་ལོ་བཞི་བཅུ་འཁོར་བའི་དུས་ཚིགས་འཁེལ་གྱི་ཡོད་སྟབས་བཅོས་མའི་དུས་དྲན་གྱི་བྱེད་སྒོ་རྣམ་པ་མང་པོ་ཞིག་སྤེལ་རྒྱུ་གཏན་འཁེལ་རེད། འོན་ཀྱང་བྱེད་སྒོ་དེ་དག་གིས་བོད་ནང་གི་གཞི་རྩའི་དངོས་ཡོད་གནས་སྟངས་མཚོན་མི་ཐུབ་པས་ཕྱི་ཚུལ་ཙམ་རེད། དཔེར་ན། དེ་སྔ་མདུན་མཆོངས་ཆེན་པོ་དང་། རིག་གནས་གསར་བརྗེ་ཆེན་པོ་ཟེར་བ་སོགས་ཀྱི་ལས་འགུལ་ཁག་ལའང་སྐབས་དེ་དུས་ཕྱི་ཚུལ་རླབས་ཆེན་གྱི་རྒྱལ་ཁ་ཐོབ་པའི་རྗེས་དྲན་གྲ་རྒྱས་བརྗིད་ཉམས་ལྡན་པ་ཞིག་སྤེལ་ཡོད།
ཉེ་བའི་ལོ་བཅུ་ཕྲག་གཉིས་ལྷག་ནང་རྒྱ་ནག་གི་དཔལ་འབྱོར་ཧ་ལས་པའི་འཕེལ་རྒྱས་ཆེན་པོ་ཕྱིན་པར་བརྟེན། ད་ལྟའི་རྒྱ་ནག་འདི་ལོ་ཉི་ཤུ་སུམ་ཅུའི་གོང་གི་རྒྱ་ནག་དང་མི་འདྲ་བར་འགྱུར་བ་ཆེན་པོ་བྱུང་ནས་དེང་སང་རྒྱ་ནག་དེ་འཛམ་གླིང་ཐོག་ཤུགས་རྐྱེན་ཆེ་བའི་རྒྱལ་ཁབ་ཏུ་གྱུར་ཡོད་ལ། དེ་ནི་འོས་ཤིང་འཚམས་པ་ཞིག་ཡིན། གང་ལགས་ཤེ་ན། རྒྱ་ནག་ནི་མི་འབོར་ཆེས་མང་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པར་མ་ཟད། ལོ་རྒྱུས་ཡུན་རིང་པོའི་གནའ་བོའི་སྤྱི་ཚོགས་ཀྱི་དཔལ་ཡོན་ལྡན་པ་ཞིག་ཀྱང་རེད། འོན་ཀྱང་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོའི་ལམ་སྲོལ་མེད་པ། དྲང་བདེན་གྱི་ཁྲིམས་ཀྱི་ལམ་ལུགས་མེད་པ། བོད་མི་རིགས་ཚུད་པའི་གྲངས་ཉུང་མི་རིགས་ལ་འདྲ་མཉམ་གྱི་རང་སྐྱོང་ལག་ལེན་ཇི་བཞིན་མེད་པ་བཅས་ཀྱིས་རྒྱ་ནག་རང་ཉིད་ལ་མཚན་ཤས་ཡོང་གི་ཡོད་པར་མ་ཟད། འཛམ་གླིང་ཕྱི་ཕྱོགས་ནས་རྒྱ་ནག་ལ་ཡིད་ཆེས་དཀའ་བ་དང་། དོགས་པ་རྣམ་རྟོག་བྱེད་པའི་རྐྱེན་དང་། རྒྱལ་ཁབ་ནང་ཁུལ་དུའང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པས་གལ་ཆེ་ཤོས་སུ་འཛིན་པའི་གཅིག་སྒྲིལ་དང་། བརྟན་ལྷིང་གི་འགོག་རྐྱེན་དུ་གྱུར་ཡོད། ངོས་ཀྱི་བསམ་ཚུལ་ལ། རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཚད་ལྡན་བཀུར་འོས་ཤིག་ཏུ་འགྱུར་བ་དང་ཆབས་ཅིག གནད་དོན་དེ་དག་གི་ཐོག་རྒྱུ་མཚན་ལྡན་པ་དང་། གདེང་སྤོབས་ལྡན་པའི་སྲིད་བྱུས་ལག་ལེན་བྱ་རྒྱུ་གལ་ཆེན་པོ་ཡིན་པ་མཐོང་གི་འདུག རྒྱ་ནག་གང་དུ་ཡོད་པའི་འཛམ་གླིང་སྤྱིའི་ཆ་ནས་རྒྱལ་སྤྱིའི་གནས་ཚུལ་ཐོག་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བཞིན་ཡོད་པ་ཉེ་བའི་དུས་སྐབས་ནང་ཞི་བདེ་དང་། འཚེ་བ་མི་འདོད་པ། མང་གཙོ། དྲང་བདེན། ཁོར་ཡུག་སྲུང་སྐྱོབ་བཅས་ལ་དོ་འཁུར་ཇེ་ཆེར་འགྲོ་བ་དང་། གཞི་རྩའི་ཤེས་རྟོགས་གོང་འཕེལ་འགྲོ་བཞིན་ཡོད། དཔེར་ན། བར་ལམ་རྒྱ་གར་རྒྱ་མཚོའི་ཁུལ་དུ་ས་འགུལ་མཚོ་འཁྱོམས་ཀྱི་རང་བྱུང་གནོད་འཚེ་བྱུང་སྐབས་འཛམ་གླིང་གི་སྲིད་གཞུང་ཁག་དང་། མི་སྒེར་བཅས་མང་པོས་སྔར་ན་མ་གྲགས་པའི་སེམས་འཚབ་ཀྱིས་ཛ་དྲག་རྒུད་སྐྱོབ་ཀྱི་ལས་འགུལ་ནང་ཞུགས་པ་དེས་འཛམ་གླིང་འདི་དོན་དམ་ཐོག་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་དང་། དེ་བཞིན་འཇིག་རྟེན་སྤྱི་ཡོངས་འགན་ཁུར་གྱི་བསམ་བློ་འདི་གལ་ཆེན་པོ་ཡིན་པའི་ར་སྤྲོད་གསལ་པོ་བྱུང་ཡོད།
བོད་ཀྱི་ལས་དོན་ཐད་ངོས་རང་འབྲེལ་བ་ཡོད་པ་ནི་རང་ཉིད་སྒེར་གྱི་ཆབ་སྲིད་གོ་གནས་དང་། ཐོབ་ཐང་རྩོད་རྒྱུའམ། ཡང་ན་བཙན་བྱོལ་བོད་གཞུང་གི་ཐོབ་ཐང་རྩོད་ཆེད་མིན་པ་ཕྱི་ལོ་ ༡༩༩༢ ལོར་གཞུང་འབྲེལ་གསལ་བསྒྲགས་ཀྱིས་གསལ་པོ་བཟོས་ཡོད། དེ་ཡང་ནམ་ཞིག་ང་ཚོར་རང་དབང་གང་འཚམས་བྱུང་སྟེ་བོད་དུ་ལོག་རྒྱུ་བྱུང་བའི་གནས་སྐབས་སུ་ངོས་ནས་གཞུང་གི་ལས་གནས་གང་རུང་ངམ། ཡང་ན་ཆབ་སྲིད་ཀྱི་གོ་གནས་གཞན་གང་ཡང་འཛིན་རྒྱུ་མིན་པ་དང་། དེ་བཞིན་ད་ལྟའི་བཙན་བྱོལ་བོད་གཞུང་འདི་ཡང་ཕྱིར་བསྡུ་བྱ་རྒྱུ་ཡིན་ཞེས་དང་། བོད་ཀྱི་རྩ་བའི་འགན་འཁུར་བོད་ནང་ལས་ཀ་བྱེད་མུས་རྣམས་ནས་རྐང་འགན་བླང་དགོས་པ་གསལ་པོར་བརྗོད་ཡོད།
ངོས་ནས་རྒྱ་ནག་གཞུང་གི་འགོ་ཁྲིད་རྣམ་པར་སླར་ཡང་གསལ་བརྗོད་བྱ་རྒྱུར། ངོས་ཀྱིས་ཇི་སྲིད་བོད་ཀྱི་ལས་དོན་གྱི་འགན་འཁུར་བ་དེ་སྲིད་དུ་ང་ཚོའི་ངོས་ནས་རང་བཙན་རྩོད་ལེན་མི་བྱེད་པར་དབུ་མའི་ལངས་ཕྱོགས་འདི་མཐའ་འཁྱོངས་དམ་འཛིན་བྱ་རྒྱུ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་གནས་རྒྱུ་འདོད་འདེམས་བྱ་རྒྱུ་ཡིན། དེ་ལྟའི་ཐབས་ལམ་གྱིས་བོད་མི་མང་ལ་མ་འོངས་རྒྱང་རིང་ནང་ཕྱི་དངོས་པོ་ཡར་རྒྱས་ཀྱི་ཁེ་ཕན་ཡོང་རྒྱུ་ཡིན་པར་ངས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད་ལ། འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཀྱང་འདི་ནི་དངོས་ཡོད་གནས་སྟངས་དང་མཐུན་ཞིང་རྒྱུ་མཚན་ལྡན་པ་དང་། བོད་རྒྱ་མི་རིགས་གཉིས་ཀ་ཐུན་མོང་གི་ཁེ་ཕན་མཚོན་པ་བཅས་ལ་ངོས་འཛིན་གྱིས་རྒྱབ་སྐྱོར་གནང་བར་བརྟེན་ངོས་ཀྱི་བློ་སྟོབས་ལ་སྐུལ་ལྕག་ཆེན་པོ་བྱུང་། ལྷག་པར་དུ་རྒྱ་ནག་གི་ཤེས་ཡོན་ཅན་གྱི་མི་སྣའི་ཁྲོད་ནས་ངོས་ཀྱི་ལངས་ཕྱོགས་ལ་ཡང་དག་པའི་ངོས་འཛིན་དང་། རྒྱབ་སྐྱོར་གནང་བ་དེས་ངོས་ཀྱི་སེམས་ཤུགས་ལ་དེ་བས་སྐུལ་ལྕག་ཆེན་པོ་བྱུང་།
རྒྱ་ནག་གི་དབུ་ཁྲིད་དང་། ང་ཚོའི་བར་སླར་ཡང་འབྲེལ་བ་མཐུད་ཐུབ་པར་ངོས་རང་དགའ་པོ་བྱུང་། སྔ་ལོ་ཕྱི་ཟླ་ ༩ པར་ངོས་ཀྱི་སྐུ་ཚབ་ཚོགས་པ་རྒྱ་ནག་ཏུ་བསྐྱོད་དེ་དབུ་ཁྲིད་རྣམས་དང་གླེང་མོལ་ཐེངས་གསུམ་པ་བྱེད་ཐུབ་པ་དེ་ནས་ང་ཚོའི་བར་གྱི་འབྲེལ་བ་གོང་འཕེལ་དུ་འགྲོ་བ་མཚོན་ཡོད། དེང་སྐབས་བཙན་བྱོལ་མང་ཚོགས་ནས་འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་འགོ་ཁྲིད་པས་བོད་མིའི་ལས་དོན་དང་འབྲེལ་བའི་འགན་ཁུར་མང་ཙམ་ལེན་བཞིན་ཡོད་པ་ལྟར། ངས་ཁོང་ཚོར་བར་ལམ་རྒྱ་ནག་གཞུང་ཕྱོགས་དང་གླེང་མོལ་ཐེངས་གསུམ་པ་བྱེད་སྐབས་རྒྱ་ཕྱོགས་ནས་གླེང་སློང་བྱས་པའི་གནད་དོན་ཁག་གི་ཐོག་བསམ་གཞིགས་ཀྱིས་དགོས་ངེས་རིགས་ལ་གསལ་བཤད་དམ། དཀའ་ངལ་སེལ་ཐབས་ཀྱི་གོམ་སྟབས་སྤོ་དགོས་པའི་བཀོད་མངགས་ལམ་སྟོན་བྱས་ཡོད། ང་ཚོས་ཡིད་ཆེས་ཡོང་བའི་དགོས་ངེས་ཆ་རྐྱེན་བསྐྲུན་ཏེ་ཡུན་རིང་ཐག་གཅོད་མ་བྱུང་བའི་བོད་ཀྱི་གནད་དོན་འདི་ཕན་ཚུན་གཉིས་མོས་ཀྱི་ལམ་ནས་ཐག་གཅོད་བྱེད་ཐུབ་པའི་རེ་བ་བྱེད་བཞིན་ཡོད།
མཐའ་དོན་དེ་རིང་གི་གོ་སྐབས་འདི་བརྒྱུད་རྒྱ་གར་གཞུང་དང་། མི་མང་ནས་ང་ཚོར་འགྱུར་བ་མེད་པའི་ཤ་ཚའི་སེམས་འཁུར་དང་། མཐུན་འགྱུར་རྒྱབ་སྐྱོར་གནང་བར་ངོས་ནས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བསྔགས་བརྗོད་དང་། ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན། ངོས་རང་རྒྱལ་ཁབ་འདིའི་ཆ་ཤས་ཡིན་པ་ལྟ་བུའི་ཚོར་སྣང་ཞིག་ཡོང་གི་འདུག དེ་ནི་རྒྱ་གར་དང་། བོད་ཀྱི་བར་དུས་རབས་མང་པོའི་སྔོན་ནས་ཆོས་དང་། རིག་གཞུང་གི་འབྲེལ་བ་ཟབ་མོ་ཞིག་ཡོད་པའི་ཐོག་ངོས་དང་། དེ་བཞིན་བཙན་བྱོལ་བོད་མི་མང་ཆེ་བ་འདས་པའི་ལོ་བཞི་བཅུ་ཞེ་ལྔའི་རིང་རྒྱ་གར་ནང་རང་དབང་གི་སྒོ་ནས་གནས་སྡོད་ཆོག་པ་བྱུང་བས་ཡིན།
བོད་མིའི་རང་དབང་རྩ་དོན་གྱི་ཆེད་དུ་རང་གི་ལུས་སྲོག་ལེགས་སྐྱེས་སུ་འབུལ་མཁན་བོད་མི་དཔའ་བོ་ཕོ་མོ་རྣམས་ལ་རྗེས་དྲན་གུས་འདུད་དང་། སྨོན་ལམ་ཞུ་རྒྱུ་བཅས། ཏཱ་ལའི་བླ་མས། རབ་བྱུང་བཅུ་བདུན་པའི་ཤིང་བྱ་ཟླ་ ༡ ཚེས་ ༣༠ ཕྱི་ལོ་ ༢༠༠༥ ཟླ་ ༣ ཚེས་ ༡༠ ལ། །