༄༅། །དེ་རིང་ནི་ང་ཚོས་ཕྱི་ལོ་ ༡༩༥༩ ལོར་བོད་མི་མང་གིས་རང་དབང་སྒེར་ལངས་བྱས་ཏེ་མི་ལོ་ ༤༥ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་གི་ཡོད། ངོས་ནས་བོད་མིའི་རང་དབང་རྩ་དོན་གྱི་ཆེད་དུ་རང་གི་ལུས་སྲོག་ལེགས་སྐྱེས་སུ་འབུལ་མཁན་རྒྱལ་གཅེས་དཔའ་བོ་ཕོ་མོ་རྣམས་ལ་རྗེས་དྲན་གུས་འདུད་ཞུ་རྒྱུ་དང་། ཁོང་རྣམས་ནི་ང་ཚོའི་སེམས་ནང་དུས་གཏན་དུ་གནས་རྒྱུ་ཡིན།
འདི་ལོ་ནི་ངོས་རང་ཕྱི་ལོ་ ༡༩༥༤ ལོར་རྒྱལ་ནང་དུ་བསྐྱོད་ནས་སྐབས་དེའི་རྒྱ་ནག་དབུ་ཁྲིད་རྣམས་དང་། ལྷག་པར་དུ་མའོ་ཙེ་ཏུང་མཇལ་འཕྲད་ཞུས་ཏེ་ལོ་ ༥༠ འཁོར་བའི་དུས་ཚིགས་འཁེལ་གྱི་ཡོད། དུས་དེར་ངོས་རང་རྒྱ་ནག་ཏུ་བསྐྱོད་སྐབས་ངོས་ཀྱི་སེམས་ནང་བོད་ཀྱི་འབྱུང་འགྱུར་གནད་དོན་ཐོག་བློ་འཚབ་ཆེན་པོ་བྱེད་བཞིན་པར་འགྲུལ་བཞུད་བྱས་པའི་གནས་ཚུལ་རྣམས་གསལ་པོ་དྲན་གྱི་འདུག སྐབས་དེར་དབུ་ཁྲིད་མཇལ་འཕྲད་བྱུང་བ་ཚང་མས་གཅིག་གྱུར་དུ་བོད་ནང་རྒྱ་རིགས་ལས་བྱེད་གནས་སྡོད་བྱེད་པ་དེ་ནི་བོད་མི་མང་གི་བདེ་རྩར་སྨན་པའི་ལས་ཀ་བྱེད་པ་དང་། དེ་བཞིན་ བོད་ཡར་རྒྱས་གཏོང་རྒྱུར་རོགས་རམ་བྱེད་པའི་ ཆེད་དུ་ཡིན་པའི་འགན་ལེན་གནང་བྱུང་བ་མ་ཟད། ངོས་རང་རྒྱ་ནག་ཏུ་སྡོད་རིང་རྒྱལ་སྤྱིའི་རྒྱལ་མཚམས་རིས་མེད་ཀྱི་གསར་བརྗེ་དང་། སྤྱི་ཚོགས་རིང་ལུགས་སྐོར་ཤེས་རྟོགས་ཀྱིས་དེ་དག་ལ་ཡིད་སྨོན་ཆེར་བསྐྱེད་བྱུང་བར་བརྟེན། ཞི་བདེ་དང་། ཐུན་མོང་གི་ཁེ་ཕན་ལྡན་པའི་གཞི་རྩའི་ཐོག་ནས་བོད་རྒྱ་གཉིས་མཉམ་གནས་ཐུབ་ངེས་སྙམ་པའི་སྤྲོ་སྣང་དང་། གདེང་སྤོབས་བཅས་ཀྱི་ཐོག་ནས་བོད་དུ་ཕྱིར་ལོག་བྱས་པ་ཡིན། འོན་ཀྱང་བློ་ཕམ་པ་ཞིག་ལ། ངོས་རང་ཕྱིར་ལོག་བྱས་མ་ཐག་རྒྱ་ནག་ནང་ཐད་བསྐྱོད་རིང་ལུགས་ཀྱི་ཆབ་སྲིད་ལས་འགུལ་ཐོན་ཏེ་དུས་བདེ་ཞོད་འཇགས་མེད་པའི་གནས་ཚུལ་བྱུང་ཞིང་། འགྱུར་འགྲོས་དེ་དག་གིས་བོད་ཐོག་འཛིན་པའི་རྒྱ་ནག་གི་སྲིད་བྱུས་ལ་ཤུགས་རྐྱེན་ཐེབས་པའི་འབྲས་བུར་བོད་ལ་དེ་བས་དྲག་གནོན་དང་། མཁྲེགས་བཟུང་བྱེད་ཤུགས་ཆེ་རུ་སོང་བར་བརྟེན། མཐའ་མ་ཕྱི་ལོ་ ༡༩༥༩ ཟླ་ ༣ པར་བོད་མི་མང་རང་དབང་སྒེར་ལངས་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་དེ་བྱུང་བ་རེད།
ང་ཚོ་དང་། རྒྱ་ནག་གཞུང་གི་བར་འབྲེལ་བ་ཡོད་བཞིན་པ་འདི་དག་གལ་ཆེའི་དོན་སྙིང་ལྡན་པའི་འཕེལ་རྒྱས་གསར་པ་ཞིག་ལོ་འདིའི་ནང་མངོན་གྱུར་ཡོང་བའི་རེ་བ་ཡོད། ངོས་ནས་རྒྱ་ནག་གཞུང་གི་སེམས་འཚབ་ཁག་ལ་བསམ་ཤེས་དང་། དེ་བཞིན་བོད་མི་མང་ལའང་རང་དབང་དང་། ཞི་བདེ། ཆེ་མཐོང་བཅས་ཡོད་པའི་ཐོག་ནས་མི་ཚེ་སྐྱེལ་ཆོག་པ་བཅས་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པའི་ཕན་ཚུན་གཉིས་མོས་ཀྱི་ཐག་གཅོད་ཡག་པོ་ཞིག་ཡོང་ཐབས་སུ་འབད་བརྩོན་ཡོད་རྒུ་རྩལ་སྤྲུགས་བྱ་རྒྱུའི་བསམ་ཚུལ་ཕྱི་ལོ་ ༡༩༥༤ ལོའི་དུས་སྐབས་དང་འདྲ་བར་ད་དུང་ཡང་འགྱུར་བ་མེད་པར་གནས་ཡོད། ལོ་བཅུ་ཕྲག་མང་པོའི་རིང་བོད་མི་རྣམས་གཞིས་བྱེས་གཉིས་སུ་ཁ་གྱེས་ཏེ་གནས་དགོས་བྱུང་ཡང་། རྒྱ་ཆེའི་བོད་མི་མང་ཚོགས་ཀྱིས་ངོས་ལ་ཡིད་ཆེས་བློ་གཏད་དང་། རེ་བ་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་ཅིང་། དེར་བརྟེན་ངོས་ལ་ཁོང་ཚོའི་ངོ་ཚབ་མཚོན་པའི་རང་དབང་ཅན་གྱི་མགྲིན་ཚབ་པ་ཞིག་བྱེད་རྒྱུའི་འགན་ཁུར་ཡོད་པའི་ཚོར་སྣང་ཡོང་གི་འདུག རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ནི་བོད་ནང་གི་གནས་སྟངས་སྤྱི་དང་། ལྷག་པར་བོད་ཀྱི་དཀའ་རྙོག་སྐོར་རྒྱུས་མངའ་ཤེས་རྟོགས་ཟབ་པོ་ཡོད་པ་དེ་དག་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་བྱ་རིམ་ནང་མཐུན་རྐྱེན་དུ་འགྱུར་རེ་ཡོད་ལ། ངོས་ནས་བོད་དོན་གཉིས་མོས་ཐག་གཅོད་ཡོང་བའི་འབད་བརྩོན་བྱེད་པའི་སྐབས་འདིར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ད་ལྟའི་དབུ་ཁྲིད་རྣམ་པ་མཇལ་འཕྲད་ཞུ་རྒྱུའི་འདུན་པ་འཆང་བཞིན་ཡོད།
ཕྱི་ལོ་ ༢༠༠༢ ཟླ་ ༩ དང་། ཕྱི་ལོ་ ༢༠༠༣ ཟླ་ ༥།༦ བཅས་སོ་སོར་ངོས་ཀྱི་ངོ་ཚབ་རྒྱ་ནག་ཏུ་སྔ་རྗེས་ཐེངས་གཉིས་བསྐྱོད་དེ་ཕྱོགས་གཉིས་བར་ཐད་ཀའི་འབྲེལ་བ་བསྐྱར་དུ་མཐུད་པ་འདི་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་དགའ་བསུ་ཞུ་འོས་པ་ཞིག་ཡིན་པར་མ་ཟད། དེ་ཡང་ཅང་ཙེ་མིན་གྱིས་སྲིད་འཛིན་གྱི་ཐུགས་འགན་བཞེས་བཞིན་པའི་སྐབས་སུ་འགོ་འཛུགས་བྱས་པ་ཞིག་ཡིན། བོད་ཀྱི་གནད་དོན་འདི་གཞི་རྩའི་ཐོག་རྙོག་འཛིངས་ཆེ་ལ། བོད་རྒྱ་མི་མང་གཉིས་ཀར་ཛ་དྲག་གི་རང་བཞིན་ལྡན་པའི་གལ་ཆེའི་གནད་དོན་ཞིག་ཡིན་པས། དཀའ་རྙོག་གི་གནད་དོན་འདི་དག་མཐའ་མའི་ཐག་གཅོད་མ་བྱུང་གི་བར་ཕྱོགས་ཕན་ཚུན་གཉིས་ཀས་དེའི་ཐད་བསམ་གཞིགས་གཟབ་ནན་དང་། དོན་དམ་གྱི་ཞིབ་བསྡུར་བྱ་རྒྱུ་ནི་དགོས་གལ་ཆེན་པོ་ཡིན། ད་ཡོད་ཀྱི་འབྲེལ་བ་བརྒྱུད་ནས་འབྲས་བུ་བཟང་པོ་ཞིག་མངོན་གྱུར་མ་བྱུང་གི་བར་དུས་ཚོད་འགོར་སྲིད་པར་བརྟེན་ངང་རྒྱུད་རིང་པོ་དང་། བློ་སེམས་བརྟན་པོས་མདུན་བསྐྱོད་ཡོང་ཐབས་བྱེད་དགོས། ལྷག་པར་ངོས་ནས་ད་ཡོད་ཕྱོགས་གཉིས་ཀྱི་འབྲེལ་བ་འདི་མུ་མཐུད་གནས་ཐབས་བྱ་རྒྱུ་ནི་གལ་འགངས་ཆེ་ཤོས་ཤིག་ལ་ངོས་འཛིན་བྱེད་པ་དང་ཆབས་ཅིག ཕན་ཚུན་ཡང་ཡང་ངོ་འཕྲད་དང་། དོན་ཕན་ལྡན་པའི་གོ་བསྡུར་བྱས་པའི་ཐོག་ནས་འབྲེལ་བ་གོང་འཕེལ་དང་། ཇེ་ཟབ་ཏུ་གཏོང་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། དེ་ནི་ད་ལྟ་ང་ཚོ་ཕན་ཚུན་བར་ཡིད་ཆེས་དང་། གོ་དོན་ལེགས་རྟོགས་མེད་པའི་གནས་ཚུལ་ཡོད་པ་རྣམས་ཡོངས་སུ་བསལ་ཏེ་ཡིད་ཆེས་བློས་འགེལ་དང་། གདེང་སྤོབས་ཡོང་བར་བྱེད་པའི་ཐབས་ལམ་གཅིག་པུ་དེ་ཡིན།
ངོས་ཀྱི་སྐུ་ཚབ་ཚོར་འབྲེལ་བའི་བརྒྱུད་རིམ་རྒྱུན་མཐུད་པའི་ཆེད་དུ་ཁོང་ཚོ་རྒྱ་ནག་ཏུ་གང་མགྱོགས་འགྲོ་ཐབས་བྱེད་དགོས་པའི་བཀོད་མངགས་བྱས་ཡོད་ལ། དེ་ལྟར་དུས་འགྱངས་མེད་པ་འཕྲལ་མྱུར་བསྐྱོད་ཐུབ་པའི་རེ་བ་ཡོད། གང་ཡིན་ཞེ་ན། དེ་ནི་བོད་མི་རྣམས་དང་། དེ་བཞིན་འཛམ་གླིང་ཁྱོན་གྱི་ང་ཚོའི་གྲོགས་པོ་རྣམས་ཀྱི་ཁྲོད་དུ་ད་ལྟའི་བརྒྱུད་རིམ་འདིར་ཡིད་ཆེས་དང་། གདེང་སྤོབས་རྙེད་རྒྱུར་ཕན་ཐོགས་ཡོད་པས་ཡིན། ད་ལྟ་ཁོང་ཚོའི་ཁྲོད་དུ་རྒྱ་ནག་གཞུང་ལ་དོན་དམ་གྱི་འགྲིགས་འཇགས་དང་། ཞི་མོལ་གྱི་བརྒྱུད་རིམ་ནང་གོམ་སྟབས་སྤོ་རྒྱུའི་འདུན་པ་ཡོད་མེད་ཐད་བློ་དོགས་བྱེད་མཁན་མང་པོ་ཡོད་པ་རེད།
བོད་ནང་གི་ད་ལྟའི་གནས་སྟངས་འདིས་བོད་མི་རྣམས་ལ་ཁེ་ཕན་མེད་པ་སྨོས་ཅི། རྒྱ་ནག་སྲིད་གཞུང་ལའང་ཁེ་ཕན་མེད། རྒྱ་ནག་གཞུང་གིས་བོད་དུ་ལག་བསྟར་བྱེད་བཞིན་པའི་འཛུགས་སྐྲུན་གྱི་ལས་གཞི་ཁག་བོད་མི་ཚོར་ཁེ་ཕན་ཡོང་ཆེད་ཡིན་པའི་དྲིལ་བསྒྲགས་བྱེད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་དེ་དག་གིས་བོད་མི་མང་ལ་ཕུགས་ཕན་ཡོང་རྒྱུ་ལྟ་ཅི། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་པའི་ངོ་བོ་སྲུང་སྐྱོབ་བྱ་རྒྱུའི་ཐད་ངན་འབྲས་ཀྱི་གནོད་འཚེ་བཟོ་གི་ཡོད། བོད་ནང་རྒྱ་རིགས་མང་པོ་གནས་སྤོ་བྱས་པ་དེས་བོད་མི་རྣམས་དཔལ་འབྱོར་ཐད་ཐོབ་དབང་བྲལ་བའི་ཟུར་འབུད་ཀྱི་གནས་སུ་གྱར་བར་མ་ཟད། བོད་མི་རིགས་ཀྱི་རིག་གཞུང་ཡང་རྒྱ་མི་རིགས་ཆེན་པོའི་རིག་གཞུང་ནང་ཐིམ་ནས་ངོ་བོ་རྩ་བརླག་ཏུ་འགྲོ་བཞིན་ཡོད་པ་རེད། བོད་མི་རྣམས་ལ་རང་གི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་རྒྱུ་དང་། བོད་ཀྱི་གདོད་མའི་ཁོར་ཡུག་གི་གནས་སྟངས་རང་སོར་ཆུད་ཐབས། དེ་བཞིན་འཛུགས་སྐྲུན་བྱ་གཞག་ཚད་ལྡན་འོས་ཤིང་འཚམས་པ་ཞིག་གདམ་རྒྱུ་བཅས་ཀྱི་རང་དབང་ངེས་པར་དུ་དགོས་པ་ཡིན། བཙུན་མ་ཕུན་ཚོགས་ཉི་སྒྲོན་བཙོན་འཇུག་བྱས་པ་དྲང་བདེན་མིན་པ་དང་། བོད་ནང་གི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་ཡོང་བར་འབོད་སྐུལ་བྱེད་བཞིན་པའི་སྐབས་འདིར། ཉེ་དུས་བཙུན་མ་ཕུན་ཚོགས་ཉི་སྒྲོལ་བཙོན་གྲོལ་བཏང་བར་དགའ་བསུ་ཡོད། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཡར་རྒྱས་ཀྱི་རྣམ་པ་གང་ཡང་མཐོང་རྒྱུ་མེད་པ་དང་། རྒྱ་ནག་གཞུང་གིས་བོད་དུ་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན་ཡོད་པ་དེ་ལ་དམིགས་བསལ་གྱི་ཁྱད་ཆོས་གཅིག་ཡོད་པ་ནི། བོད་མི་རྣམས་ནས་མི་སྡེའི་སྤྱི་ཚོགས་ཤིག་གི་ཐོག་བོད་མི་རིགས་ཀྱི་ངོ་བོ་དང་། རིག་གཞུང་གསོན་གནས་ཐུབ་པར་བྱེད་པའི་རེ་འདོད་ལ་འགོག་རྐྱེན་བཟོ་གི་ཡོད་པ་དེ་ཡིན། ཐ་ཤལ་གྱི་བྱ་བ་དེ་ནི་མི་རིགས་དང་། རིག་གཞུང་དབྱེ་འབྱེད། ཆོས་ལ་འཁོན་འཛིན་བཅས་ཀྱི་སྲིད་བྱུས་ལག་བསྟར་བྱས་པ་ལ་བརྟེན་ནས་ཡོང་གི་ཡོད་པ་རེད།
དེ་ལྟར་གཞི་རྩའི་གནས་ཚུལ་ཁག་གཞི་ལ་བཞག་ནས་འཛམ་གླིང་ཐོག་གི་སྲིད་གཞུང་དཐ གྲོས་ཚོགས། མི་སྒེར་བཅས་མང་པོ་ཞིག་གིས་རྒྱ་གཞུང་ལ་བོད་ཀྱི་གནད་དོན་འདི་ཞི་བའི་གྲོས་མོལ་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་པའི་སྐུལ་འདེད་བྱས་དང་བྱེད་བཞིན་ཡོད་ཅིང་། དེས་ང་ཚོའི་སེམས་ཤུགས་ལ་སྐུལ་ལྕག་ཆེན་པོ་ཡོང་གི་འདུག ང་ཚོས་ཁྱེད་རྣམ་པའི་བཀྲིན་སྙིང་བཅངས་ཞུ་རྒྱུ་ཡིན། བོད་ཀྱི་གནད་དོན་ནི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་བའི་གནད་དོན་ཙམ་མ་ཡིན་པར། ཆབ་སྲིད་ཀྱི་ངོ་བོ་གཏིང་ཟབ་ལྡན་པའི་དཀའ་རྙོག་ཅིག་ཡིན། དེར་བརྟེན་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་དང་། ཨ་རིས་སྣེ་ཁྲིད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ནང་གནད་དོན་འདི་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་དགོས་པའི་ངོས་འཛིན་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་བཞིན་ཡོད། བར་ལམ་ནས་རྒྱ་གར་དང་། རྒྱ་ནག་གཉིས་བར་གྱི་འབྲེལ་བ་གོང་འཕེལ་འགྲོ་བ་འདི་ཡང་ངོས་ཀྱི་བློ་སྟོབས་གོང་དུ་འཕེལ་བའི་གནས་ཚུལ་ཞིག་ཡིན། འཛམ་གླིང་ཐོག་གི་མི་འབོར་ཆེ་ཤོས་ཡིན་པའི་རྒྱལ་ཁབ་རྒྱ་དཀར་ནག་གཉིས་ཀྱི་བར་ལ་བསམ་ཤེས་དང་། གོ་རྟོགས་ལྡན་པའི་འབྲེལ་ལམ་བཟང་པོ་ཞིག་དགོས་རྒྱུ་འདི་ནི་འཛམ་གླིང་སྤྱི་དང་། བྱེ་བྲག་ཤར་གླིང་ཨེ་ཤ་ཡའི་ཞི་བདེ་བརྟན་ལྷིང་ལ་དགོས་གལ་ཆེན་པོ་ཡོད་པར་ངོས་ནས་རྒྱུན་དུ་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་གར་དང་། རྒྱ་ནག་གཉིས་བར་གྱི་འབྲེལ་བ་བཟང་དུ་ཕྱིན་པ་ཡིན་ན། དེས་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཏེ་བོད་ཀྱི་གནད་དོན་ཡང་ཞི་བའི་སྒོ་ནས་ཐག་གཅོད་ཡོང་བར་ཕན་ཐོགས་ཡོང་རྒྱུ་ཡིན། རྒྱ་གར་གཞུང་གི་ངོས་ནས་བོད་ཀྱི་དཀའ་རྙོག་འདི་ཞི་བའི་སྒོ་ནས་ཐག་གཅོད་ཡོང་རྒྱུར་ཕན་ནུས་ཀྱི་རང་བཞིན་ལྡན་པའི་ལེགས་སྐྱེས་འབུལ་ཐུབ་རྒྱུ་དང་། དེ་ལྟར་འགན་ཁུར་བཞེས་དགོས་ངེས་ཡིན་པར་ངས་ངོས་འཛིན་བྱེད་ཀྱི་ཡོད། ངོས་ཀྱི་ དབུ་མའི་ཐབས་ལམ་ འདི་རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་མཐུན་པ་ཞིག་ལ་ངོས་འཛིན་གནང་འོས་པ་ཡིན། གང་ཡིན་ཞེ་ན། འདིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་གནས་པའི་ཐོག་ནས་བོད་ཀྱི་གནད་དོན་སེལ་ཐབས་བྱེད་ཀྱི་ཡོད་པས་ཡིན། བྱེད་ཐབས་འདི་ལ་བརྟེན་ནས་བོད་ཀྱི་གནད་དོན་ཐག་གཅོད་ཐུབ་པ་ཞིག་བྱུང་ན། རྒྱ་གར་དང་། རྒྱ་ནག་བར་ཡོད་པའི་རྩོད་གཞི་མང་པོ་ཞིག་རང་བཞིན་སེལ་ཐུབ་པ་ཡོང་རྒྱུ་ཡིན།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་མི་ལོ་ ༥༤ འགྲོ་གི་ཡོད། ཐོག་མར་མའོ་ཙེ་ཏུང་གི་དུས་སྐབས་སུ་ལྟ་གྲུབ་ཀྱི་གནད་དོན་ཐོག་ཤུགས་སྣོན་བརྒྱབ་པ་དང་། དེ་རྗེས་ཏེང་ཞའོ་ཕིང་གི་དུས་སྐབས་སུ་གཙོ་བོར་དཔལ་འབྱོར་འཛུགས་སྐྲུན་ཐོག་ཤུགས་སྣོན་བརྒྱབ་ཡོད། ཁོང་གི་རྗེས་འཛིན་ཅང་ཙེ་མིན་གྱི་དུས་སྐབས་སུ་ མཚོན་བྱེད་གསུམ་ གྱི་རིག་པའི་གཞུང་ལུགས་བཏོན་ནས་འབྱོར་ལྡན་མི་མང་རྣམས་གུང་ཁྲན་ཏང་གི་སྒྲིག་འཛུགས་ཀྱི་ཁོངས་སུ་ཞུགས་ཆོག་པ་བཟོས་ཏེ་སྒྲིག་འཛུགས་ཀྱི་རྨང་གཞི་རྒྱ་བསྐྱེད་བྱས་ཡོད། ཉེ་དུས་ཧུའུ་ཅིན་ཐའོ་དང་། ཁོང་གི་མཉམ་སྡེབ་དཔུང་ཁག་གིས་མི་ཐོག་གོང་འོག་བར་རྒྱལ་ཁབ་འགོ་ཁྲིད་ཀྱི་སྲིད་དབང་རྩིས་སྤྲོད་བདེ་བླག་ངང་བྱེད་ཐུབ་པ་བྱུང་ཡོད། འདས་པའི་ལོ་བཅུ་ཕྲག་འགའ་ཤས་ནང་རྒྱ་ནག་ལ་གང་ཅིའི་ཐད་ཡར་རྒྱས་ཆེན་པོ་བྱུང་ཡོད་ཀྱང་། དཔལ་འབྱོར་ཚུད་པའི་གནད་དོན་མང་པོའི་ཐད་སྐྱོན་ཆ་དང་ཕམ་ཉེས་ཀྱི་གནས་ཚུལ་ཡང་ བྱུང་ཡོད། དེ་དག་གི་རྒྱུ་རྐྱེན་གཙོ་བོ་གཅིག་ནི། བདེན་པ་དང་། དངོས་ཡོད་གནས་སྟངས་དང་མཐུན་པའི་གདོང་ལེན་བྱེད་ཐབས་སྤྱོད་མ་ཐུབ་པའི་དབང་གིས་ཡིན་ཞིང་། བདེན་པ་དང་། དངོས་ཡོད་གནས་སྟངས་ཞིབ་རྟོགས་ཐུབ་པ་བྱེད་པ་ལ་གནས་ཚུལ་ཁྱབ་སྤེལ་གྱི་རང་དབང་དགོས་རྒྱུ་གལ་ཆེན་པོ་ཡིན། ད་ལྟའི་ཆར་རྒྱ་ནག་ལ་འགྱུར་བ་གཏིང་ཟབ་འགྲོ་བཞིན་པའི་སྐབས་ཡིན་པ་དང་། ངོས་ནས་འགྱུར་བ་དེ་དག་རྙོག་ཟིང་དང་། འཚེ་བ་མེད་པའི་སྒོ་ནས་བདེ་བླག་ངང་འཕེལ་རྒྱས་ཡོང་ཐབས་སུ་གཞི་རིམ་མང་ཚོགས་ལ་གུ་ཡངས་གང་ཆེས་གནས་ཚུལ་སྤེལ་རེས་ཀྱི་རང་དབང་དང་། ཤེས་རྟོགས་ཡང་དག་པ་བྱེད་རྒྱུའི་རང་དབང་དགོས་རྒྱུ་གལ་ཆེན་པོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོས་དངོས་ཡོད་ཀྱི་ལམ་ནས་བདེན་པ་འཚོལ་ཐབས་བྱེད་དགོས་པ་མ་ཟད། བདེན་པ་དེ་ཡང་རྫུན་གྱིས་བསྲེས་ལྷད་མེད་པའི་བདེན་པ་ཞིག་ཡིན་དགོས་ཤིང་། གལ་ཏེ་ཆ་རྐྱེན་དེ་དག་མ་འཛོམས་ན། རྒྱ་ནག་ལ་དོན་དམ་པའི་བརྟན་ལྷིང་ཞིག་ཡོང་རྒྱུའི་རེ་བ་མེད། ཅི་སྟེ་གནས་ཚུལ་དངོས་སྦས་བསྐུངས་དང་། མི་མང་རྣམས་ནས་རང་གི་བསམ་ཚུལ་དངོས་ཇི་བཞིན་བཤད་མི་ཕོད་པའི་གནས་སྟངས་འོག་སྡོད་དགོས་བྱུང་ཚེ། བརྟན་ལྷིང་ཟེར་བ་ཇི་ལྟར་ཡོང་ཐུབ་ བམ།
ངོས་ནས་རྒྱ་ནག་གི་སྤྱི་ཚོགས་ལ་དེ་བས་གུ་ཡངས་ཆེ་རུ་འགྲོ་བ་དང་། མཐར་ཐུག་མང་གཙོ་ཅན་དུ་འགྱུར་ཤུགས་ཆེ་རུ་འགྲོ་བའི་རེ་བ་བྱེད་ཀྱི་ཡོད། རྒྱ་ནག་གི་འགྱུར་བའམ། སྒྱུར་བཅོས་དེ་དག་གྱེན་ལོག་གི་བྱེད་སྟངས་སོགས་ཡོ་འཁྱོམ་ཆེན་པོའི་རིགས་མེད་པའི་ཐོག་ནས་དགོས་རྒྱུ་གལ་ཆེན་པོ་ཡིན་པ་ངས་ལོ་མང་སྔོན་ནས་བརྗོད་ཟིན། དེ་ནི་རྒྱ་མི་རིགས་སྨོས་ཅི། འཛམ་གླིང་གི་མི་སྡེ་སྤྱིའི་ཐུན་མོང་གི་ཁེ་ཕན་ཡང་ཡིན། རྒྱ་ནག་འདི་ཉིད་ཨེ་ཤ་ཡའི་ས་ཁུལ་དང་། རྒྱལ་སྤྱིའི་ནང་སྟོབས་ཤུགས་ཤིག་ཏུ་གྱུར་པ་དང་ཆབས་ཅིག དེ་དང་འབྲེལ་བའི་གནད་དོན་ཐོག་སེམས་འཚབ་དང་། དོགས་པ་རྣམ་རྟོག འཇིགས་སྣང་སོགས་ཡོང་གི་ཡོད་པ་རེད། དངངས་འཚབ་དེ་དག་མེད་པ་བཟོ་ཆེད་རྒྱལ་སྤྱིའི་ཨོ་ལམ་པིཀ་རྩེད་འགྲན་གྱི་མགྲོན་བདག་བྱེད་པ་དང་། འཛམ་གླིང་ཐོག་གསལ་བཤད་ཀྱི་དྲིལ་བསྒྲགས་ཇི་ཙམ་བྱས་ཀྱང་ཕན་ཐོགས་ཡོང་མི་ཐུབ། རྒྱ་གཞུང་གི་སྤྱི་དམངས་སྤྱི་དང་། ལྷག་པར་དུ་གྲངས་ཉུང་མི་རིགས་རྣམས་ལ་ཇི་སྲིད་སྤྱི་ཚོགས་དང་། ཆབ་སྲིད་ཀྱི་ཐོབ་ཐང་སོགས་རང་དབང་ཁག་ལ་ལོངས་སུ་སྤྱོད་དབང་མ་བྱུང་བ་དེ་སྲིད་དུ་རྒྱ་ནག་དེ་ཞི་བདེ་དོན་དུ་གཉེར་མཁན་དང་། ཕན་ནུས་ལྡན་པའི་མདུན་བསྐྱོད་ཀྱི་སྟོབས་ཤུགས་ཤིག་ཡིན་པ་འཛམ་གླིང་གིས་ཁས་ལེན་བྱ་རྒྱུར་དཀའ་ངལ་མུ་མཐུད་གནས་རྒྱུ་རེད།
བོད་ཀྱི་གནད་དོན་འདི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱ་ནག་གིས་གདོང་ལེན་བྱེད་དགོས་པའི་གནད་དོན་ཞིག་ཡིན་པར་མ་ཟད། རྒྱ་ནག་རྒྱལ་ཁབ་དེ་གུ་ཡངས་དང་། རང་དབང་། བདེན་པ། དྲང་པོ་བཅས་འཇིག་རྟེན་སྤྱི་ཡོངས་ཀྱི་བཟང་པོའི་རིན་ཐང་དང་། ཕུགས་བསམ་ལྡན་པའི་རྒྱལ་སྤྱིའི་སྟོབས་ཤུགས་ཤིག་གི་ངོ་བོར་འགྱུར་བའི་གོ་སྐབས་བཟང་པོ་ཞིག་ཀྱང་ཡིན། བོད་ཀྱི་གནད་དོན་ཐོག་ཕན་ནུས་ལྡན་པ་དང་། གུ་ཡངས་ཀྱི་བྱ་ཐབས་ཤིག་བཟུང་བ་ཡིན་ན། དེས་རྒྱལ་སྤྱི་དང་། རྒྱལ་ནང་གཉིས་ཀར་ཡིད་ཆེས་དང་། གདེང་སྤོབས། བློ་རྒྱ་ཡངས་པ་བཅས་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་ཅིག་བསྐྲུན་ཐུབ། དེ་བཞིན་བོད་ཀྱི་གནད་དོན་ཞི་བའི་སྒོ་ནས་ཐག་གཅོད་བྱུང་ན་རྒྱ་ནག་རང་ཉིད་ད་ལྟའི་བར་བརྒལ་དུས་སྐབས་འདི་ནས་དེང་རབས་ཅན་དང་། གུ་ཡངས་ལྡན་པ། རང་དབང་ཡོད་པ་བཅས་ཀྱི་སྤྱི་ཚོགས་ཤིག་ཏུ་སྒྱུར་བཅོས་བྱ་རྒྱུའི་ཐད་ཕན་ནུས་ལྡན་པའི་ཤུགས་རྐྱེན་ཡོང་རྒྱུ་ཡིན། ཕུགས་བསམ་ལྡན་པའི་བྱེད་ཐབས་སྤྱད་དེ་བོད་ཀྱི་གནད་དོན་འདི་ཐག་གཅོད་གཙང་མ་བྱེད་པའི་ལས་འགན་དང་། གོ་སྐབས་ཡོངས་རྫོགས་ད་ལྟའི་རྒྱ་ནག་གི་དབུ་ཁྲིད་རྣམས་ལ་ཡོད།
ངོས་ནས་དེ་རིང་གི་གོ་སྐབས་འདི་བརྒྱུད་འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་ང་ཚོར་སྔ་བར་ཕྱི་གསུམ་དུ་འགྱུར་བ་མེད་པའི་རྒྱབ་སྐྱོར་གནང་དང་གནང་བཞིན་ཡོད་པ་རྣམས་ལ་བསྔགས་བརྗོད་དང་། ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་རྒྱ་གར་གཞུང་དང་། མི་མང་ནས་ང་ཚོར་གཡོ་བ་མེད་པ་དང་། གཞན་འགྲན་མ་མཆིས་པའི་མཐུན་འགྱུར་རོགས་རམ་དང་རྒྱབ་སྐྱོར་གནང་བར་ངོས་ནས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སླར་ཡང་ཐུགས་རྗེ་བཀྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན།
འགྲོ་ཀུན་བདེ་བའི་སྨོན་ལམ་བཅས། ཏཱ་ལའི་བླ་མས། རབ་བྱུང་བཅུ་བདུན་པའི་ཤིང་སྤྲེལ་ཟླ་ ༡ ཚེས་ ༡༩ ཕྱི་ལོ་ ༢༠༠༤ ཟླ་ ༣ ཚེས་ ༡༠ ལ།། །།