༄༅། །དེ་རིང་འདིར་གཞིས་བྱེས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད། འཇིག་རྟེན་ཞི་བདེའི་དེད་དཔོན། ༸གོང་ས་ལྷ་མིའི་རྣམ་འདྲེན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་མཛད་སྟོན་མཚར་དུ་དངར་བ་སྐྱོང་བཞིན་པའི་སྐབས་སུ་བཅར་ཞུགས་སྐྱབས་ཡུལ་དགེ་འདུན་གྱི་སྡེ་རྣམས་དང་། ཡབ་གཞིས་སྐུ་འཁོར་རྣམ་པ། ཆེས་མཐོའི་ཁྲིམས་ཞིབ་པ་ཆེན་མོས་དབུས་ཁྲིམས་ཞིབ་པ་ལས་ཟུར་རྣམ་པ། བཀའ་བློན་ཁྲི་པས་གཙོས་བཀའ་བློན་ལས་ཟུར་རྣམ་པ། རང་དབང་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། དྲུང་ཆེ་ཆུང་གིས་གཙོས་གཞུང་ཞབས་ལས་བྱེད་ཆེ་ཕྲ། ལྷ་ས་ས་གནས་འཐུས་མིའི་ཚོགས་འདུའི་ཚོགས་གཙོ་གཙོས་པའི་ཚོགས་འཐུས་རྣམ་པ་དང་། ལྷ་ས་ས་གནས་འགོ་འཛིན། ས་གནས་བོད་རང་དབང་བདེན་པའི་ཚོགས་ཆུང་གི་ཚོགས་མི་རྣམ་པ། སྡེ་ཁག་གི་འགན་འཛིན་རྣམ་པ། ཕྱི་ནང་སྐུ་མགྲོན་རྣམ་པ། གཞིས་བྱེས་གཉིས་སུ་གནས་པའི་མཛའ་བརྩེ་དང་ལྡན་པའི་རྒྱ་ཆེའི་མང་ཚོགས་དང་། སློབ་ཕྲུག་རྣམ་པ་བཅས་ལ་ཕྲན་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཚབ་ཞུས་ཏེ་དགའ་སེམས་འཁོལ་བའི་ངང་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།
དེ་རིང་གི་ཉིན་མོ་འདི་ནི་རང་ཅག་ཁ་བ་རི་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་ཕྱག་ན་པལྨོའི་རྣམ་སྤྲུལ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག མཐའ་ཡས་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་ལྷ་མིའི་རྣམ་འདྲེན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ། དགོས་པ་དང་དོན་གྱི་སླད་དུ་མཚན་ཡོངས་སུ་སྨོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་བོད་ཤིང་ཕག་ཟླ་ ༥ ཚེས་ ༥ དང་། ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་བོད་བྱང་ཤར་མདོ་སྨད་ས་ཁུལ་སྐུ་འབུམ་ཁྱིམ་གཞིས་སུ་གཟིགས་པ་ལྔ་ལས་མ་སྔ་མ་ཕྱི་མེད་པར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ལེགས་པར་སྐུ་བལྟམས་ནས་ད་ཆ་རང་ལུགས་དགུང་གྲངས་ ༦༩ དང་། ཕྱི་ལུགས་ལྟར་ན་དགུང་གྲངས་ ༦༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཁྱད་འཕགས་ཅན་བཀྲིས་དགའ་བ་འབུམ་ལྡན་གྱི་ཉིན་མོ་འདིར་ཕྲན་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༸གོང་ས་མཆོག་སྐུ་ཚེ་ཞབས་པད་ཁྲི་ལོར་བརྟན་ཅིང་། མཛད་འཕྲིན་མཐའ་དག་དབྱར་མཚོ་བཞིན་དུ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པ་ཡོང་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན།
འཛམ་གླིང་ནང་རང་དབང་ཞི་བདེར་དགའ་བའི་སྐྱེ་འགྲོ་སྤྱིའི་མགོན་སྐྱབས་དང་། ལྷག་པར་གང་གི་སྐྱོང་ཡུལ་གངས་ཅན་པ་རྣམས་ཀྱི་འདྲེན་པ་བླ་ན་མེད་པ་ཞིག་བསམ་བཞིན་མིའི་སྲིད་པ་བཟུང་བ་ཡིན་པ་མ་ཟད། རྒྱལ་ཁབ་མི་རིགས་དང་བཅས་པ་རྩ་འཇིག་འགྲོ་ཉེའི་དུས་མཚམས་གཉན་འཕྲང་ཅན་གྱི་སྐབས་སུ་དུས་ནས་མི་གཡོལ་བའི་མཛད་པ་བཞེས་པར་ལྷག་པར་དུ་གལ་གནད་ཆེ་བའི་ཉིན་མོ་ཞིག་ཡིན་སྟབས། དགའ་དད་སྤྲོ་གསུམ་གྱི་སྒོ་ནས་བཀྲིན་རྗེས་དྲན་ཞུ་འོས་ཐོག རང་ཅག་བོད་རིགས་རྩམ་གཟན་རྣམས་ནང་ཁུལ་ཆོལ་ཁ་ཆོས་ལུགས་དང་། ཡུལ་ལུང་གི་ཕྱོགས་རིས་རྨོངས་ཞེན་འཐེན་འཁྱེར་ཡོངས་སུ་སྤང་སྟེ་ཕན་ཚུན་དམ་ཚིག་ལར་རྒྱ་འོ་ཆུ་གཅིག་འདྲེས་ དང་། ཕ་རོལ་དགྲ་བོའི་གཡོ་འཕྲུལ་དབྱེན་སྱོར་དཀྲུགས་ཤིང་ལ་ཧོལ་རྒྱུགས་སུ་མ་སོང་བར་རང་ཚུགས་རྣམ་དཔྱོད་དང་ལྡན་ཞིང་། སྤྱི་མཐུན་གོང་བུའི་ནུས་ཤུགས་སྲ་བརྟན་གནས་ཐབས་སོགས་མདོར་ན་རང་གི་རྒྱལ་ཁབ་ཀྱི་ལར་ཞེན་དང་། དགྲ་གཉེན་མགོན་གསུམ་གྱི་རྣམ་དབྱེ་ངོས་འཛིན་འཕྱུགས་མེད་ཐོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་དབུ་ཁྲིད་ལམ་སྟོན་འོག་ཤར་བསྐྱོད་ཞུ་རྒྱུའི་དམ་བཅའ་སླར་གསོ་བྱ་རྒྱུ་ནི་འཁྲུངས་སྐར་གྱི་ལེགས་སྐྱེས་འབུལ་མཚོན་དམ་པ་ཞིག་ཡིན།
ཕྱི་ལོ་ ༡༩༤༩ ལོར་བོད་ཀྱི་ཤར་ཕྱོགས་ས་མཚམས་སུ་རྒྱ་དམར་གྱི་དྲག་དཔུང་ནས་ངན་སེམས་ཁོག་བཅངས་ཀྱིས་བཙན་གནོན་དཔུང་འཇུག་བྱ་འགོ་བཙུགས་ཏེ་བོད་ཀྱི་ཆབ་སྲིད་གནས་སྟངས་སྣུམ་ཟད་མར་མེའི་ངང་ཚུལ་ལྟར་ཐ་ཞན་དུ་གྱུར་ཅིང་། བོད་ལྗོངས་ལྷ་སྡེ་མི་སྡེ་རྣམས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་ཇི་ལྟར་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན་སྐབས་དེར་༸གོང་ས་མཆོག་དགུང་གྲངས་བཅུ་དྲུག་ལས་མ་སོན་ཡང་སྔོན་གྱི་ཐུགས་བསྐྱེད་དམ་བཅའ་བཙན་པོས་ཕྱི་ལོ་ ༡༩༥༠ ཟླ་ ༡༡ ཚེས་ ༡༧ ཉིན་བོད་ལྗོངས་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བདག་གིར་བཞེས་པ་ནས་བཟུང་བོད་སྡོད་རྒྱ་དམར་གྱི་ཞི་དྲག་འགོ་ལས་ཡོངས་ལ་ཐབས་མཁས་ཐུགས་རྗེའི་སྒོ་ནས་འབྲེལ་ལམ་བསྟུན་མཁས་དང་། རྒྱ་མིའི་གདུག་རྩབ་དྲག་སྤྱོད་ལ་བཟོད་བསྲན་དགོངས་ཡངས། འཚེ་མེད་ཞི་བའི་ཐབས་ཚུལ་འབའ་ཞིག་ལྷུར་བཞེས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་རྒྱ་དམར་རང་ལ་མེས་འཚིགས་མེར་གཏུགས་འབྲེལ་མོལ་གནང་འབྲས་སུ་ལོ་ངོ་དགུའི་རིང་བོད་མི་རྣམས་མི་གསོད་ཁྲག་སྱོར་ལས་སྐྱོབ་ཐབས་མཛད། ཕྱི་ལོ་ ༡༩༥༩ ལོར་བོད་ནང་ཆབ་སྲིད་དུས་འགྱུར་དབང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྟོན་འཁོར་རྣམས་རྒྱ་གར་འཕགས་པའི་ཡུལ་དུ་ཞབས་སོར་འཁོད་མ་ཐག་རང་ཡུལ་རང་དབང་སླར་གསོའི་ལས་ཐབས་གཙོ་བོར་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་བཀོད་བསྒྲིགས་ཀྱིས་བོད་ཕྲུག་བློ་གསར་གཞོན་ནུ་རྣམས་ཀྱི་ཆེད་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་རིམ་འཛུགས་མཛད་པ་དང་། བོད་མི་རྣམས་རང་བཞིན་ཁ་འཐོར་དུ་མ་འགྲོ་ཞིང་། འཚོ་རྟེན་ཕུགས་འཕེར་ཡོང་སླད་སོ་ནམ་ཞིང་ལས་ཀྱི་གཞིས་ཆགས་ཁག་དང་། ལག་ཤེས་བཟོ་གྲྭ་ཁག་གསར་འཛུགས། བོད་ཀྱི་ཆོས་དང་ཐོུང་མ་ཡིན་པའི་རིག་གཞུང་རྣམས་མི་ཉམས་རྒྱུན་འཛིན་དང་། འཛིན་སྐྱོང་སྤེལ་གསུམ་འབྱུང་ཆེད་བོད་ཀྱི་ཆོས་ལུགས་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་ཆོས་སྒར་ཁག་གསར་འཛུགས། ལྷག་པར་བོད་ཀྱི་ཆབ་སྲིད་རང་བཞིན་རང་དབང་མང་གཙོ་ཅན་དུ་བསྒྱུར་རྒྱུའི་དགོངས་བཞེད་སྔོན་ཡོད་ལྟར་ ༡༩༦༠ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཐོག་མར་གསར་བཏོད་དང་སྦྲགས་མི་མང་འཐུས་མི་རྣམས་མང་ཚོགས་ཀྱི་འོས་བསྡུའི་ལམ་ནས་འདེམས་བསྐོ་བྱ་རྒྱུར་གཏན་འབེབས་གནང་ཞིང་། དེ་རྗེས་མང་གཙོའི་འཕེལ་རིམ་ཉམས་གསོག་གིས་དུས་བསྟུན་ལེགས་ཆའི་སྒྱུར་བཀོད་རིམ་པ་མཛད་པ་དོན་སྙིང་བོད་ཀྱི་ཆབ་སྲིད་རང་བཞིན་ནི་བྱམས་བརྩེ་དང་འཚེ་བ་མེད་པའི་ལྟ་གྲུབ་ལ་གཞི་བཅོལ་བའི་སྔར་སྲོལ་བཟང་པོ་ཉམས་མེད་རྒྱུན་འཛིན་ཐོག ད་ལྟའི་རྒྱལ་སྤྱིའི་གནས་བབ་དང་། བོད་མིའི་དགོས་མཁོ་བཅས་དང་འཚམས་པའི་མང་གཙོའི་རིང་ལུགས་ཀྱི་ལེགས་ཆ་ཡོངས་སུ་ཚང་བའི་རྒྱུན་སྲོལ་དང་། དེང་རབས་ཟུང་དུ་འབྲེལ་བའི་ཆབ་སྲིད་ཀྱི་གནས་བབ་བཟང་པོ་ཞིག་རང་ཅག་བཙན་བྱོལ་དུ་གནས་རིང་བསྐྲུན་ཐུབ་པ་འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀྲིན་ཉག་ཅིག་ཡིན།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཀྱིས་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་མང་པོར་ཞབས་ཀྱི་པལྨོ་རྣམ་པར་བཀོད་དེ་མི་མཐུན་འཁྲུག་རྩོད་རྣམས་ཞི་ཞིང་། འཕྲལ་ཕུགས་ཀུན་ཏུ་ཕན་བདེ་འབྱུང་ཐབས་དང་། འགྲོ་རྣམས་ཆོས་འབྱོར་བདེ་སྐྱིད་ཀྱི་དཔལ་ལ་སྤྱོད་ཐབས་སུ་ཡ་རབས་བཟང་སྤྱོད་དང་། ཕན་ཚུན་བྱམས་བརྩེས་སྐྱོང་རེས། རང་ལས་གཞན་གཅེས་ཀྱི་ཐབས་ཚུལ། འཚེ་མེད་ཞི་བའི་ལྟ་གྲུབ་སོགས་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོས་ལེགས་པར་གསུངས་པའི་དམ་པའི་ཆོས་ཀྱི་དགོངས་དོན་བསླབ་བྱ་རྣམས་དོན་ཟབ་ལ་གོ་སླ་བའི་ཚུལ་དུ་གསེས་བཀྲོལ་འགྲེལ་བཤད་བསྐུལ་མ་གནང་བ་སོགས་འཛམ་གླིང་མང་ཚོགས་སྤྱིའི་བདེ་རྩར་དགོངས་བཞེས་མཛད་ཕྱོགས་ལ་ཡིད་དབང་འཕྲོགས་ཏེ་མོས་གུས་བསྟོད་བསྔགས་རྒྱ་ཆེ་ཐོབ་ཅིང་། ༸གོང་ས་ཆེན་པོའི་མཚན་སྙན་མཛད་འཕྲིན་གྱི་བ་དན་འཛམ་གླིང་ཡངས་པའི་ས་སྟེང་ཀུན་ཏུ་ལྷབ་ལྷུབ་ཏུ་གཡོ་བ་དང་དུས་མཚུངས་བོད་ཀྱི་རྩ་དོན་ནི་འཛམ་གླིང་ཆབ་སྲིད་ཀྱི་གླེང་སྟེགས་སྟེང་རྩོད་གཞི་གལ་ཆེ་གྱུར་ཏེ་སུས་ཀྱང་སྣང་ཆུང་བསྐྱུར་འཇོག་བྱ་ཐབས་མེད་པ་གྱུར་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོའི་དགོངས་གཞི་གཅིག་ནི་རྒྱ་ནག་སྲིད་གཞུང་དང་། རྒྱ་རིགས་མང་ཚོགས་བཅས་པར་དགྲ་བོའི་འདུ་ཤེས་ཀྱིས་ཞེ་འཁོན་སྡང་འཛིན་དང་། རྒྱབ་ལྟོས་ཡ་འགལ་ཟུར་སྡོད་བྱས་པ་ལྟ་བུ་མ་ཡིན་པར་མི་དང་མིའི་བར་གྱི་འབྲེལ་ལམ་གྱི་ཐོག་ནས་བོད་མིའི་བདེན་དོན་གནས་ལུགས་རྣམས་དྲང་འབྲེལ་གསེས་བཀྲོལ་ཐུབ་ཐབས་ཐུགས་ཁུར་འབད་བརྩོན་བསྐྱེད་མུར་འཛམ་གླིང་ས་ཕྱོགས་གང་དུ་ཆིབས་བསྒྱུར་༸ཞབས་སོར་འཁོད་ཀྱང་ཕྱི་སྡོད་རྒྱ་རིགས་མཁས་དབང་གྲགས་ཅན་དང་། ཆབ་སྲིད་པ། མང་ཚོགས་བཅས་གང་མང་ལ་དགྱེས་བརྩེས་མཇལ་མོལ་གནང་བཞིན་པ་མ་ཟད། བོད་རྒྱའི་དཀའ་རྙོག་ཞི་མོལ་གྲོས་བསྡུར་གྱི་ལམ་ནས་སེལ་ཐབ་ཆེད་འབྲེལ་མཐུད་སྐུ་ཚབ་ཚོགས་ཆུང་ཞིག་སྔ་ལོ་ཕྱི་ཟླ་ ༩ པ་དང་། ཉེ་ཆར་ཕྱི་ཟླ་ ༥ པའི་ནང་རྒྱ་ནག་དང་། བོད་ཀྱི་ས་ཁུལ་འགའ་ཤས་ནང་ཕེབས་བསྐྱོད་ཐུབ་པ་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་གི་ཡོད། དཀའ་རྙོག་དེ་ཡང་བོད་རྒྱ་གཉིས་བར་གྱི་གནད་དོན་ལ་སོང་ཕན་ཚུན་གཉིས་ཀྱི་འབྲེལ་ཡོད་མི་སྣ་མཉམ་འཛོམས་ཐོག་གྲོས་བསྡུར་གོ་དོན་ལེགས་རྟོགས་ཀྱིས་གཉིས་མོས་གྲོས་མཐུན་ལམ་ནས་སེལ་རྒྱུ་ལས། རྒྱལ་ཁབ་གསུམ་པ་ཞིག་ནས་བར་འདུམ་འགྲིགས་འཇགས་ཐག་གཅོད་ཐུབ་པ་ག་ལ་ཡོད། དེས་ན་ད་རིང་གོ་སྐབས་འདི་བརྒྱུད་རྒྱ་དམར་སྲིད་གཞུང་ལ་བརྡ་ལན་ནན་ཙམ་ཞུ་རྒྱུར་རྒྱ་བོད་དཀའ་རྙོག་སེལ་ཐབས་སུ་ཞི་མོལ་དངོས་གཞིའི་ཐོག་ལོ་ཟླ་ཞག་འགྱངས་དུ་མ་སོང་བར་མགྱོགས་ཙམ་འཇུག་དགོས་ཞེས་ཞུ་རྒྱུ་ཡིན།
འཛམ་གླིང་བོད་ཀྱི་ཉིན་མོ་སྲུང་བརྩི་མུ་མཐུད་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་འདི་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་དང་། བོད་མི་རྣམས་བཙན་བྱོལ་དུ་འབྱོར་ཏེ་མི་ལོ་ ༤༤ འཁོར་བའི་དུས་ཚིགས་དང་སྟབས་བསྟུན་གྱིས་འཛམ་གླིང་གི་ཡུལ་ལུང་དང་རྒྱལ་ས་གང་སར་འཛམ་གླིང་བོད་ཀྱི་ཉིན་མོ་ཞེས་དུས་དྲན་སྲུང་བརྩི་བྱ་རྒྱུའི་གནས་ཚུལ་ཐོན་པ་ནི་ཡིད་སྤྲོ་བརྟས་ཤིང་། བོད་ཀྱི་ཉིན་མོ་སྲུང་བརྩིའི་ལས་རིམ་འདི་བརྒྱུད་ནས་༸གོང་ས་ཆེན་པོའི་མཚན་སྙན་མཛད་འཕྲིན་དང་། བོད་མིའི་བདེན་དོན་གནས་ལུགས། བོད་ཀྱི་ཆོས་དང་རིག་གཞུང་གི་ཁྱད་ནོར་རྣམས་འཛམ་གླིང་མང་ཚོགས་ནས་ཤེས་རྟོགས་གོང་མཐོར་འགྱུར་བའི་ཆ་རྐྱེན་གཞོགས་འདེགས་དང་། གོ་སྐབས་གསར་བསྐྲུན་ཐུབ་པ་ཡོང་རྒྱུ་གདོན་མི་ཟ་བས། འཛམ་གླིང་བོད་ཀྱི་ཉིན་མོ་སྲུང་བརྩིའི་གོ་སྒྲིག་གནང་མཁན་ཡོངས་ལ་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
དེ་རིང་གི་གོ་སྐབས་འདི་དང་བསྟུན་ནས་མང་ཚོགས་དང་འབྲེལ་ཡོད་གནས་ཚུལ་རེ་ཟུང་ཞུ་རྒྱུ་ནི། བཙན་བྱོལ་བོད་མིའི་དྭང་བླང་དཔྱ་དངུལ་དང་བསྡུ་དངུལ་གྱི་སྒྲིག་གཞི་གཏན་འབེབས་ལག་ལེན་བསྟར་ཏེ་ལོ་རྒྱུན་གང་འཚམས་སོང་ཟིན་པ་དང་། ཕྱི་ལོ་ ༢༠༠༢ ཟླ་ ༩ པའི་ནང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་བསྐྱངས་སྐབས་ཀྱི་གྲོས་ཆོད་དགོངས་དོན་འབུལ་འབབ་རྣམས་བཙན་བྱོལ་བོད་མི་ཡོངས་ནས་འབུལ་བདེའི་སླད། བཙན་བྱོལ་བོད་མིའི་དྭང་བླང་དཔྱ་དངུལ་དང་བསྡུ་དངུལ་ཁྲིམས་ཡིག་ལ་བསྐྱར་ཞིབ་དང་ལས་དོན་ཉམས་ཞིབ་ཆེད་བཀའ་སྤྱི་གཉིས་ལས་གྲུབ་པའི་དམིགས་བསལ་གྱི་ཆེད་འཛུགས་ཚོགས་ཆུང་ཞིག་ཆེད་བཙུགས་གནང་དོན་ཚོགས་ཆུང་དེས་དུས་ཚོད་གང་འཚམས་བཏང་སྟེ་གོང་གསལ་ཁྲིམས་ཡིག་ནང་གསལ་དོན་ཚན་ཡོངས་ལ་བསྐྱར་ཞིབ་དོ་ནན་ལེགས་པར་གནང་རྗེས་འདི་ལོ་ཕྱི་ཟླ་ ༣ པའི་ནང་གྲོས་ཚོགས་ཚོགས་དུས་ལྔ་པའི་སྐབས་ཁྲིམས་ཡིག་ལ་བསྐྱར་བཅོས་གྲོས་འཆར་ཞིབ་ཚགས་ཤིག་ཕུལ་ཡོད་ཅིང་། བསྐྱར་བཅོས་ཁྲིམས་འཆར་ནང་གསལ། ཕྲུ་གུ་རང་ལོ་ ༡༤ མན་ལ་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པའི་དཔྱ་ཁྲལ་བསྒྲུབ་འབུལ་མ་དགོས་པ་དང་། ཡུལ་མི་བགྲེས་གྲས་རང་ལོ་ ༦༥ ཡན་ལ་ཟས་བཅད་དོད་འབུལ་མ་དགོས་པ་སོགས་གཞི་རྩའི་འགྱུར་བཅོས་གང་འཚམས་འགྲོ་གི་ཡོད་པ་དང་། གྲོས་ཚོགས་སུ་སྤྱི་འཐུས་རྣམ་པས་ལེགས་སྤེལ་ཉེས་འགོག་གི་དགོངས་བཞེས་བཀའ་བསྡུར་ཉིན་བསྟུད་རིམ་ཅན་དུ་གནང་མཐར་ཁྲིམས་ཡིག་འདི་བཞིན་གནད་དོན་གལ་ཆེར་སོང་ཆེད་འཛུགས་ཚོགས་ཆུང་ནས་བསྐྱར་དུ་ཐུགས་ཞིབ་ནན་ཟབ་དང་སྦྲགས་གང་དགེའི་བཟོ་བཅོས་གྲོས་འཆར་འགོད་འབུལ་སླད་འདི་ལོ་ཕྱི་ཟླ་ ༩ པའི་ནང་གྲོས་ཚོགས་ཚོགས་དུས་དྲུག་པ་མ་བསྐྱང་བར་གཏན་འབེབ་གནང་རྒྱུ་འཕར་འགྱངས་གནང་ཞིང་། ཁྲིམས་འཆར་འདི་སྐོར་མང་ཚོགས་དང་ཐད་ཀར་འབྲེལ་བ་ཆགས་གཤིས་སྤྱི་འཐུས་རྣམ་པ་ས་ཁུལ་ཕྱོགས་བགོས་ཀྱིས་བོད་མིའི་འདུ་སྡོད་གཞིས་སྒར་ཁག་ལ་ཆབ་སྲིད་སློབ་གསོར་ཕེབས་སྐབས་ཀྱང་འགྲེལ་བཤད་གནང་དང་གནང་འཆར་ལྟར་མང་ཚོགས་ནས་ཁྲིམས་འཆར་འདི་ཐོག་སློབ་སྦྱོང་དོན་གཉེར་ལེགས་པར་གནང་སྟེ་སྤྱི་སྨན་དགོངས་འཆར་མ་བཅོས་ལྷུགས་པོར་གནང་ཐུབ་ཚེ་ཕན་ཐོགས་ཡོང་གནས་དང་།
དེ་འབྲེལ་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ཁག་ལ་དུས་བསྟུན་ལེགས་ཆའི་འགྱུར་བཅོས་དགོས་རིགས་འབྲེལ་ཡོད་འོས་བསྡུ་ལས་ཁང་ནས་བསྐྱར་བཅོས་གྲོས་འཆར་ཕུལ་འབྱོར་བྱུང་དོན་གོང་བཞིན་ཆེད་འཛུགས་ཚོགས་ཆུང་ནས་ཞིབ་བསྡུར་ནན་ཏན་དང་སྦྲགས་གྲོས་ཚོགས་ཚོགས་དུས་ལྔ་པར་ཕུལ་འབྱོར་ལྟར་དགོངས་བཞེས་བཀའ་བསྡུར་ཞིབ་ཚགས་གནང་ཡོད་པ་དང་། ཁྲིམས་འཆར་འདི་སྐོར་ཡང་མང་ཚོགས་དང་འབྲེལ་བ་ཐད་ཀར་ཡོད་སྟབས་དོན་ཕན་ལྡན་པའི་དགོངས་འཆར་ལྷུགས་འདོན་ཡོང་བའི་འབོད་བསྐུལ་ཞུ་རྒྱུ་ཡིན། མཐའ་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞབས་ཟུང་རྡོ་རྗེའི་ཁམས་སུ་བརྟན་ཅིང་། ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ ༢༠༠༣ ཟླ་ ༧ ཚེས་ ༦ ལ། །