༄༅། །བོད་གངས་ཅན་གྱི་ཡུལ་དུ་རྒྱ་ནག་གིས་བཙན་འཛུལ་བྱས་ཏེ་མི་ལོ་ལྔ་བཅུ་ལྷག་ཙམ་སོང་བ་དང་། བོད་མི་སྟོང་ཕྲག་མང་པོས་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་བའི་མི་ཚེ་སྐྱེལ་འགོ་ཚུགས་ཏེ་མི་ལོ་བཞི་བཅུ་ལྷག་ཙམ་འགྲོ་གི་ཡོད། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་མུན་ནག་དང་། གཉན་འཕྲང་ཆེ་ཤོས་ཀྱི་དུས་སྐབས་དེའི་རིང་ང་ཚོའི་མི་རབས་གསུམ་གྱིས་ཚབས་ཆེའི་དཀའ་སྡུག་མྱོང་དགོས་བྱུང་ཡོད་ཀྱང་། བོད་དོན་འདི་ད་ལྟ་གསོན་པོར་གནས་ཡོད་པ་དང་། རྒྱ་ནག་གཞུང་གིས་ངོས་ལེན་བྱེད་མིན་ལ་མ་ལྟོས་པར་འཛམ་གླིང་མི་མང་གིས་བོད་རང་སྐྱོང་ལྗོངས་ཙམ་མ་ཡིན་པར་བོད་ཁྱ ོན་ཡོངས་ལ་དཀའ་ངལ་ཚབས་ཆེ་ཡོད་པ་གསལ་པོ་ཤེས་རྟོགས་བྱུང་ཡོད། ཕྱི་ལོ་ ༡༩༦༢ ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་རྒྱ་ནག་གཞུང་ལ་ཡིག་འབྲུ་ཁྲི་བདུན་ཡོད་པའི་སྙན་ཞུ་ཞིག་འབུལ་གནང་མཛད་པའི་ནང་སྐབས་དེའི་བོད་ཁྱོན་ཡོངས་ཀྱི་གནས་སྟངས་ཐབས་སྡུག་གང་འདྲ་ཡོད་པ་གསལ་པོ་འགོད་པ་གནང་ཡོད། དེ་རྗེས་ཕྱོགས་འགའ་ཤས་ཐད་ཡར་རྒྱས་སོང་ཡོད་ཀྱང་། གཞི་རྩའི་བོད་ཀྱི་གནས་སྟངས་མུ་མཐུད་དཀའ་ངལ་ཛ་དྲག་ངང་གནས་ཡོད། བོད་ཀྱི་དཀའ་རྙོག་འདི་རྒྱུན་པར་རྒྱ་ནག་གཞུང་རྒྱལ་སྤྱིའི་ཐོག་ངོ་ཚ་ཁ་སྐྱེངས་ཡོང་རྐྱེན་ཞིག་དང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་། ཆིག་སྒྲིལ་ལ་གནོད་སྐྱོན་ཡོང་བའི་གཞི་རྩ་ཞིག་ཏུ་གྱུར་ཡོད།
རྒྱ་ནག་གཞུང་གིས་བོད་ཀྱི་གནས་སྟངས་ཐབས་སྡུག་མིན་པར་ཡག་པོ་ཡོད་པའི་དྲིལ་བསྒྲགས་མུ་མཐུད་བྱེད་བཞིན་ཡོད་པ་དངོས་འབྲེལ་ཡིན་ན། བོད་འདི་འཛམ་གླིང་ཕྱི་ལ་སྒོ་མོ་ཕྱེ་སྟེ་དམ་དྲག་མེད་པའི་ཐོག་ནས་ཕྱི་རྒྱལ་གྱི་མི་རྣམས་རང་མོས་ལྟ་སྐོར་ལ་གཏོང་རྒྱུའི་བློ་སྟོབས་མེད་པ་གང་ཡིན་ནམ། དངོས་ཡོད་ཀྱི་གནས་ཚུལ་རྣམས་འཛམ་གླིང་ཕྱི་ལ་སྟོན་མི་ནུས་པར་རྒྱལ་ཁབ་ཀྱི་གསང་བར་བསྙད་དེ་སྦས་ཐབས་བྱེད་དགོས་དོན་གང་ཡིན་ནམ། བོད་ནང་ཉེན་རྟོག་དམག་མི་དང་བཙོན་ཁང་མང་པོ་ཡོད་དགོས་དོན་གང་ཡིན་ནམ། གལ་ཏེ་བོད་ནང་ཡོད་པའི་བོད་མི་མང་ཆེ་བ་ད་ལྟའི་གནས་སྟངས་འདིས་འདོད་པ་ཡོངས་སུ་ཁེངས་ཀྱི་ཡོད་པ་ཡིན་ན། ངོས་ཀྱིས་བོད་དོན་གླེང་སློང་བྱེད་པའི་རྒྱུ་མཚན་དང་གཞི་རྩ་མེད་ལ། དེ་ལྟར་བྱེད་འདོད་ཀྱང་མེད། བློ་ཕམ་པའི་གནས་ཚུལ་ཞིག་ལ། བོད་མི་ཚོས་བཤད་པའི་བསམ་འཆར་རྣམས་རྒྱ་ནག་གཞུང་གིས་ཉན་འཇོག་བྱ་རྒྱུ་ལས་ལྡོག་སྟེ། ཁོང་ཚོར་གསར་བརྗེར་ངོ་རྒོལ་པ་ཟེར་བའི་ཉེས་མིང་བཏགས་ནས་འཛིན་བཟུང་བཙོན་འཇུག་བྱེད་ཀྱི་ཡོད་ཅིང་། ཁོང་ཚོར་དྲང་བདེན་གྱི་སྐད་ཆ་ཤོད་པའི་གོ་སྐབས་དང་རང་དབང་གང་ཡང་མེད།
གལ་ཏེ་བོད་ནང་བོད་མི་རྣམས་ལ་བདེ་སྐྱིད་དངོས་གནས་ཡོད་པ་ཡིན་ན། རྒྱ་ནག་གཞུང་གིས་བོད་ནང་མང་མོས་འོས་བསྡུའི་ཐོག་ནས་རང་གི་མདུན་ལམ་ཐག་གཅོད་བྱ་རྒྱུའི་གོ་སྐབས་སྤྲོད་རྒྱུར་དཀའ་ངལ་ཡོང་མི་ཤེས། དེང་སྐབས་གཞུང་འབྲེལ་མིན་པའི་བོད་མིའི་ཚོགས་པ་ཁ་ཤས་ནས་བོད་ནང་མང་མོས་འོས་བསྡུ་བྱེད་དགོས་པའི་འདོད་ཚུལ་འདོན་གྱི་ཡོད། ཁོང་ཚོས་བོད་ཀྱི་གནད་དོན་འདི་ཐེངས་གཅིག་ལ་ཐག་གཅོད་གཙང་མ་ཡོང་བའི་ཐབས་ལམ་ཡག་ཤོས་ནི་བོད་ནང་ཡོད་པའི་བོད་མི་རྣམས་ལ་སོ་སོའི་མདུན་ལམ་རང་དབང་ལྡན་པའི་མང་མོས་འོས་བསྡུའི་ཐོག་ནས་འདེམས་ཆོག་པའི་གོ་སྐབས་སྤྲོད་རྒྱུ་དེ་ཡིན་པ་དང་། བོད་མི་རྣམས་ལ་རང་གི་འདོད་ཚུལ་ངོ་མ་བརྗོད་ཆོག་པ་དང་། རང་ཉིད་ཀྱི་གནད་དོན་རང་ཉིད་ཀྱིས་ཐག་གཅོད་བྱེད་ཆོག་པའི་དབང་ཆ་སྤྲོད་དགོས་ཞེས་བརྗོད་ཀྱི་ཡོད། ངོས་ནས་ཀྱང་རྒྱུན་པར་བོད་ཀྱི་མ་འོངས་པའི་མདུན་ལམ་གྱི་མཐའ་མའི་ཐག་གཅོད་བོད་མི་མང་རང་གིས་བྱེད་དགོས་པར་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟར། དེ་འདྲའི་མང་མོས་འོས་བསྡུའི་གྲུབ་འབྲས་ལ་ངས་ཡོངས་སུ་རྒྱབ་སྐྱོར་བྱ་རྒྱུ་ཡིན།
བོད་དོན་འཐབ་རྩོད་འདི་ང་སྒེར་གྱི་གོ་གནས་བདེ་སྡུག་དང་འབྲེལ་བའི་འཐབ་རྩོད་ཅིག་མིན་པར། བོད་མི་ས་ཡ་དྲུག་གི་རང་དབང་དང་། གཞི་རྩའི་ཐོབ་ཐང་། རིག་གཞུང་གཅེས་འཛིན། ཁོར་ཡུག་སྲུང་སྐྱོབ་བཅས་དང་འབྲེལ་བའི་འཐབ་རྩོད་ཅིག་ཡིན། དེ་སྔོན་ཕྱི་ལོ་ ༡༩༦༩ ལོར་ངོས་ནས་མི་ལོ་སུམ་བརྒྱ་ལྷག་ཙམ་སོང་བའི་ཏཱ་ལའི་བླ་མའི་ལམ་སྲོལ་འདི་ཡང་མུ་མཐུད་གནས་དགོས་མིན་བོད་མི་མང་གིས་ཐག་གཅོདབྱེ་དགོས་ཞེས་གསལ་པོ་བཤད་ཡོད། དེ་རྗེས་ཕྱི་ལོ་ ༡༩༩༢ ལོར་བོད་ཀྱི་མ་འོངས་ཆབ་སྲིད་ཐད་གཞུང་འབྲེལ་སྲིད་བྱུས་ཁྱབ་བསྒྲགས་བྱས་པའི་ནང་མ་འོངས་པར་ང་ཚོ་རང་དབང་གང་འཚམས་ལྡན་པའི་ཐོག་ནས་བོད་ལ་ལོག་རྒྱུ་བྱུང་བའི་སྐབས་སུ་ངོས་ནས་བོད་ཀྱི་སྲིད་གཞུང་ནང་གོ་གནས་གང་ཡང་ལེན་རྒྱུ་མིན་ཞེས་གསལ་པོ་བརྗོད་ཡོད། མ་འོངས་པའི་བོད་ཀྱི་སྲིད་གཞུང་དེ་ཆོས་ལུགས་རིས་མེད་ཀྱི་མང་གཙོའི་གཞུང་གི་ཐོག་ཏུ་འགྲོ་རྒྱུ་ཡིན་པར་ངས་རྒྱུན་དུ་ཡིད་ཆེས་བྱེད་ཀྱི་ཡོད། བོད་ནང་དང་། བཙན་བྱོལ་ལ་ཡོད་པའི་བོད་མི་བཅས་པའི་ནང་བོད་ཀྱི་སྤྱི་ཚོགས་རྙིང་པ་སླར་གསོ་བྱེད་འདོད་ཡོད་མཁན་གཅིག་ཀྱང་མེད་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད།
ངོས་ཀྱིས་ཐོག་མ་ནས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་འགྱུར་བ་གཏོང་དགོས་པ་ཤེས་རྟོགས་བྱུང་བ་དང་། ང་རང་བོད་དུ་སྡོད་སྐབས་ཆབ་སྲིད་ཀྱི་གནས་སྟངས་དཀའ་ངལ་ཅན་ཞིག་གི་འོག་ཏུ་བསྒྱུར་བཅོས་བྱེད་འགོ་བཙུགས་པ་ཡིན། ང་ཚོ་བཙན་བྱོལ་དུ་སླེབས་རྗེས་བཙན་བྱོལ་བོད་མི་རྣམས་ལ་མང་གཙོའི་ལམ་གྱི་ཐོག་བསྐྱོད་དགོས་པའི་སྐུལ་མ་དུས་ད་ལྟ་བར་བྱས་དང་བྱེད་བཞིན་ཡོད། ད་ཆ་མང་གཙོའི་ཀ་བ་གསུམ་སྟེ། ཁྲིམས་བཟོ་ལྷན་ཁང་དང་། ཁྲིམས་ཞིབ་ཁང་། འཛིན་སྐྱོང་ཁང་བཅས་ཆ་ཚང་ཡོད་པའི་བཙན་བྱོལ་བའི་སྤྱི་ཚོགས་ཉུང་ཤས་ཤིག་ཡོད་པ་ལྟར་ང་ཚོ་བོད་མི་བཙན་བྱོལ་བ་རྣམས་ཀྱང་དེའི་གྲས་ཤིག་ཡིན། འདི་ལོ་ནས་བཀའ་ཤག་གི་བཀའ་བློན་ཁྲི་པ་འོས་འདེམས་བྱེད་ཕྱོགས་ལ་འགྱུར་བ་བཏང་སྟེ་མང་གཙོའི་ངོ་བོ་ཤུགས་ཆེ་རུ་གཏོང་རྒྱུ་དང་། འོས་འདེམས་བྱུང་བའི་བཀའ་བློན་ཁྲི་པ་དང་། སྤྱི་འཐུས་ལྷན་ཚོགས་གཉིས་ལ་ངོས་ནས་བོད་མིའི་བཙན་བྱོལ་སྤྱི་ཚོགས་ཀྱི་ཉིན་རེའི་ལས་འགན་རྩིས་སྤྲོད་བྱ་རྒྱུ་ཡིན། འོན་ཀྱང་བོད་ཀྱི་གནད་དོན་འདི་ཐག་གཅོད་མ་བྱུང་བར་ངོས་ནས་བོད་དོན་སྐོར་རྒྱ་ནག་གི་དབུ་ཁྲིད་རྣམ་པར་བཀའ་མོལ་ཞུ་རྒྱུ་དང་། དེ་བཞིན་བོད་མི་མང་གི་རང་དབང་ལྡན་པའི་མགྲིན་ཚབ་པ་ཞིག་བྱ་རྒྱུ་བཅས་ནི་བོད་མི་ས་ཡ་དྲུག་གི་ཆེད་རང་ལ་འོས་བབས་ཀྱི་འགན་ཁུར་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། བོད་མི་མང་གིས་ང་ལ་ཡིད་ཆེས་ཧ་ཅང་ཆེན་པོ་བྱེད་པ་འདིས་ངའི་སེམས་ནང་ཁུར་ལྗིད་དེ་བས་ཆེ་རུ་འགྲོ་གི་འདུག
བོད་རྒྱ་གཉིས་ཀྱི་རྒྱལ་རབས་ལོ་རྒྱུས་ཐོག་གི་འབྲེལ་བའི་གནས་སྟངས་དེ་མ་མཐའ་ནས་བརྗོད་ཀྱང་རྒྱ་ནག་གི་དཔོན་རིགས་ཚོའི་སྟབས་བདེའི་བརྗོད་ཚུལ་ལས་ཆེས་རྙོག་འཛིངས་ཆེ་བ་ཡོད། བོད་འདི་མི་ལོ་ཉིས་སྟོང་བརྒལ་བའི་རིང་ཐུན་མོང་མ་ཡིན་པའི་ཐ་དད་དུ་གནས་ཡོད་པའི་དངོས་ཡོད་གནས་ཚུལ་འདི་ཁས་མི་ལེན་ཐབས་མེད་ཡིན། ལོ་རྒྱུས་ནི་ལོ་རྒྱུས་རང་ཡིན་པས་འདས་པའི་གནས་ཚུལ་སུས་ཀྱང་འགྱུར་བ་གཏོང་མི་ཐུབ། ལོ་རྒྱུས་ཐོག་བོད་ཀྱི་གནས་བབ་གང་འདྲ་ཡིན་མིན་ནི་ལོ་རྒྱུས་དང་། ཁྲིམས་ལུགས་མཁས་པ་ཚོས་ཐག་གཅོད་བྱས་ན་ཡག་ཤོས་ཡིན། འདས་པའི་ལོ་རྒྱུས་གནས་སྟངས་གང་འདྲ་ཡིན་མིན་ལ་མ་ལྟོས་པར་ང་རང་གི་ངོས་ནས་མ་འོངས་པའི་གནས་སྟངས་ལ་བསམ་བློ་གཏོང་གི་ཡོད།
རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་མའོ་ཙེ་ཏུང་དང་། ཀྲའུ་ཨན་ལེ། ཏེང་ཞའོ་ཕིང་དང་། ཧུའུ་ཡའོ་པང་བར་གྱི་དབུ་ཁྲིད་རིམ་པས་ཡང་ཡང་བོད་ཀྱི་གནས་བབ་འདི་ཐུན་མོང་མ་ཡིན་པའི་རང་བཞིན་དང་། དམིགས་བསལ་གྱི་གནས་སྟངས་ཅན་ཞིག་ཡིན་པ་ཁས་ལེན་གནང་ཡོད་པའི་ར་སྤྲོད་གསལ་ཤོས་ནི་ཕྱིལོ་ ༡༩༥༡ ལོར་བོད་རྒྱ་གཉིས་བར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རིགས་པའི་གཞུང་ལུགས་ཐེངས་དང་པོར་མཚོན་པར་བྱེད་པའི་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པ་དེ་ཡིན། རྒྱ་ནག་གཞུང་གིས་གྲོས་མཐུན་དེ་འདྲ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ཆེན་དང་། ཆ་ཤས་གཞན་གང་དང་ཡང་བཞག་མྱོང་མེད་པ་དང་། གྲོས་མཐུན་དེའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རང་བཞིན་ལ་སྲུང་བརྩི་བྱ་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་། བློ་ཕམ་པ་ཞིག་ལ་ རྒྱ་ནག་གཞུང་གིས་བོད་དབང་སྒྱུར་བྱེད་པའི་དུས་ཡུན་མང་ཆེ་བའི་ནང་གཉའ་གནོན་གྱི་སྲིད་བྱུས་ཤིག་ལག་བསྟར་བྱས་ཡོད། དེ་ནི་གདེང་ཚོད་མེད་པ་དང་། དོགས་པ། ཁེངས་དྲེགས་ཆེན་པོ་བཅས་ཀྱི་བསམ་བློ་དང་། དེ་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། ལོ་རྒྱུས། མི་རིགས་ཀྱི་ངོ་བོ་བཅས་པ་ཤེས་རྟོགས་དང་། བརྩི་བཀུར་མེད་པ་བཅས་ལས་བྱུང་བ་ཞིག་ཡིན། དེང་སྐབས་བོད་ཀྱི་གནས་སྟངས་དམིགས་བསལ་ཅན་དེ་གང་ཡིན་ཞེ་ན། བོད་འདི་ས་ཁུལ་སྐྱོ་ཤོས་དང་། གཉའ་གནོན་ཆེ་ཤོས་ཡོད་པ་ཞིག་དང་། དེ་བཞིན་རྒྱ་ནག་ནང་གཡོན་ཐལ་སྲིད་བྱུས་ཀྱི་ཤུགས་རྐྱེན་ཆུང་དུ་སོང་ནས་དུས་ཡུན་རིང་པོ་ཕྱིན་ཡོད་ཀྱང་། བོད་ནང་སྔར་བཞིན་ཤུགས་ཆེའི་སྒོ་ནས་གཉའ་གནོན་ལག་ལེན་བསྟར་མུས་སུ་ཡོད་པ་དེ་ཡིན།
ངོས་རང་འཚེ་མེད་ཞི་བ་དང་། མཛའ་མཐུན། མཉམ་ལས་བཅས་ལ་ཡིད་ཆེས་བརྟན་པོ་ཡོད་མཁན་ཞིག་ཡིན་པའི་ཆ་ནས་ངོས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་གསོད་ཁྲག་སྱོར་གྱི་གནས་ཚུལ་མི་ཡོང་བ་དང་། ཞི་བའི་ཐབས་ལམ་ཞིག་རྙེད་ཐབས་ཀྱི་འབད་བརྩོན་བྱས་ཡོད། ངོས་རང་རྒྱ་ནག་རྒྱལ་ཁབ་དང་། རྒྱ་ནག་མི་མང་། ཁོང་ཚོའི་ཡུན་རིང་གི་ལོ་རྒྱུས། རིག་གཞུང་ཕྱུག་པོ་བཅས་ལ་ཡིད་སྨོན་བྱེད་མཁན་ཞིག་ཡིན་པར་བརྟེན། རང་རེ་ཚང་མས་སྙིང་སྟོབས་དང་། མ་འོངས་རྒྱང་རིང་གི་བལྟ་ཚུལ། དཀྱེལ་ཆེའི་བློ་གྲོས་བཅས་ལ་བརྟེན་པ་ཡིན་ན། བོད་རྒྱ་ཕྱོགས་གཉིས་བར་ཕན་ཚུན་བརྩི་བཀུར་དང་། མཛའ་གྲོགས་གཉིས་ཕན་གྱི་འབྲེལ་བ་ཞིག་འཛུགས་ཐུབ་རྒྱུ་ཡིན་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད། གནས་ཚུལ་དེ་དག་ལ་བརྟེན་ནས་ངས་བོད་མིའི་རང་དབང་འཐབ་རྩོད་བྱེད་པའི་ལངས་ཕྱོགས་ནི་བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་བ་བྱ་རྒྱུ་འདི་ཡིན། དེང་སྐབས་རྒྱ་ཕྱོགས་ནས་ངོས་ལ་སྐྱོན་འཛུགས་བྱེད་ཤུགས་ཆེ་རུ་བཏང་བ་དང་། བོད་ནང་གནས་སྟངས་ཇེ་སྡུག་ཏུ་བཏང་བའི་གནས་ཚུལ་ལ་མ་ལྟོས་པར། ངོས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་མེད། ངོས་ཀྱི་ལམ་ཕྱོགས་འདིས་བོད་མི་རྣམས་འདོད་བློ་ཁེངས་པ་ཞིག་དང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་བརྟན་ལྷིང་དང་ཆིག་སྒྲིལ་ལ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པར་ངས་ཁ་ཞེ་གཉིས་མེད་ཀྱི་ཡིད་ཆེས་བྱེད་ཀྱི་ཡོད། འདས་པའི་ལོ་ཉི་ཤུ་ལྷག་ཙམ་རིང་བོད་རྒྱའི་འབྲེལ་བར་འཕེལ་ཚུལ་སྣ་ཚོགས་ཤིག་བྱུང་སྟེ་སྐབས་རེ་རེ་བའི་སེམས་ཤུགས་འཕེལ་བ་དང་། སྐབས་རེ་བློ་ཕམ་སྐྱེ་དགོས་པའི་གནས་ཚུལ་བྱུང་ཡོད།
སྔ་ལོའི་ཕྱི་ཟླ་བདུན་པར་ངོས་ཀྱི་གཅེན་པོ་རྒྱ་ལོ་དོན་གྲུབ་ཁོང་རང་སྒེར་གྱི་ངོས་ནས་པེ་ཅིང་དུ་ཡང་སྐྱར་ཐེངས་གཅིག་བསྐྱོད་ཡོད་ཅིང་། ཁོང་བརྒྱུད་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ནས་ངོས་ལ་སྤྲོད་རྒྱུའི་འཕྲིན་ལན་ཞིག་བསྐུར་བ་དེའི་ནང་། རྒྱ་ནག་གི་དབུ་ཁྲིད་རྣམས་ཀྱི་ངོས་དང་འབྲེལ་བའི་སྐོར་ཡོངས་གྲགས་ཀྱི་ལངས་ཕྱོགས་དེ་དག་བསྐྱར་ཟློས་བྱས་འདུག དེ་རྗེས་ཕྱི་ཟླ་དགུ་པར་ང་ཚོས་དིལ་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ལ་འབྲེལ་བ་བྱས་ཏེ། བོད་དོན་སྐོར་ངོས་ཀྱི་བསམ་བློ་གཏོང་སྟངས་ཞིབ་ཕྲ་འཁོད་པའི་སྙན་སྐུལ་ཞིག་རྒྱ་ནག་གི་དབུ་ཁྲིད་རྣམ་པར་འབུལ་རྒྱུ་དང་། དེའི་ནང་འཁོད་པའི་གནད་དོན་རྣམས་ལ་གསལ་བཤད་དང་། བཀའ་བསྡུར་ཞུ་རྒྱུ་བཅས་ཀྱི་ཆེད་དུ་ངོས་ཀྱི་སྐུ་ཚབ་པེ་ཅིང་དུ་གཏོང་རྒྱུའི་རེ་བ་བཏོན་པ་ཡིན། དུས་དེར་དངོས་ཡོད་གནས་ཚུལ་དང་མཐུན་པའི་སྒོ་ནས་བོད་དོན་དཀའ་རྙོག་སེལ་བའི་ཐབས་ལམ་ཞིག་འགོ་འཛུགས་ཐུབ་རྒྱུའི་རེ་བ་བྱས་པ་ཡིན། ཕྱོགས་གཉིས་བར་མི་ངོ་མ་གདོང་ཐུག་ནས་བཀའ་མོལ་ཞུ་ཐུབ་པ་བྱུང་ན། ཕན་ཚུན་གོ་ནོར་དང་དོགས་པ་རྣམ་རྟོག་ཡོད་རིགས་སེལ་ཐུབ་པ་ཡོང་རྒྱུ་དང་། དེ་ལྟར་བྱུང་ན་ཕྱོགས་གཉིས་ཀས་ཁས་ལེན་བྱེད་ཐུབ་པའི་ཐབས་ལམ་ཞིག་དཀའ་ཚེགས་གང་ཡང་མེད་པར་རྙེད་ཐུབ་རྒྱུ་ཡིན་པ་ངས་རྒྱ་ནག་གཞུང་ལ་གསལ་བཤད་བྱས་ཡོད། འོན་ཀྱང་ད་ལྟའི་ཆར་རྒྱ་ནག་གཞུང་གིས་ངོས་ཀྱི་སྐུ་ཚབ་གཏོང་རྒྱུ་ཁས་ལེན་བྱས་མ་བྱུང་། ཕྱི་ལོ་ ༡༩༧༩ ལོ་ནས་ ༡༩༨༥ ལོ་བར་རྒྱ་ནག་གཞུང་གིས་ངོས་ཀྱི་སྐུ་ཚབ་སྔ་རྗེས་ཁག་དྲུག་ཁས་ལེན་བྱས་ཡོད་ཀྱང་། ད་རེས་སྐུ་ཚབ་ཁས་ལེན་བྱ་རྒྱུ་དུས་འགྱངས་དང་གཡོལ་ཐབས་བྱེད་བཞིན་ཡོད་པ་འདི་ནས། བོད་དོན་ཐོག་རྒྱ་ནག་གཞུང་གི་རྣམ་འགྱུར་མཁྲེགས་སུ་སོང་བ་དང་། བོད་དོན་དཀའ་རྙོག་སེལ་རྒྱུའི་ཆབ་སྲིད་ཀྱི་འདུན་པ་མེད་པ་གསལ་པོར་མཚོན་ཡོད།
ད་ལྟའི་རྒྱ་ནག་གཞུང་གི་དབུ་ཁྲིད་ཚོས་སྲིད་བྱུས་མཁྲེགས་པོ་ཞིག་འཛིན་གྱི་ཡོད་ཀྱང་། དེས་འཚེ་མེད་ཞི་བའི་ལམ་ལ་བརྟེན་ནས་རང་དབང་དང་། ཞི་བདེ་རྩོད་ལེན་བྱེད་པའི་ང་ཚོའི་སྙིང་སྟོབས་ལ་འགྱུར་བ་གཏོང་མི་ཐུབ། དཀའ་ངལ་ལ་གདོང་ལེན་བྱེད་པའི་དུས་ཚོད་འདི་འདྲའི་སྐབས་སུ་རང་རེ་བོད་མི་རྣམས་ནས་ངང་རིང་གི་བསམ་བློ་དང་། སྙིང་སྟོབས། ཆོད་སེམས་བརྟན་པོ་བཅས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། མ་འོངས་པར་བོད་དོན་སྐོར་གྲོས་མོལ་དང་། དངོས་ཡོད་གནས་ཚུལ་ལ་གདོང་ལེན་བྱེད་རྒྱུའི་གོ་སྐབས་ཤིག་ཡོང་རྒྱུ་ཡིན་པར་ངས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། ང་ཚོ་དང་རྒྱ་ནག་གཉིས་ཀར་དེ་མིན་གྱི་ལམ་གཞན་གང་ཡང་མེད།
དེང་སྐབས་བོད་ནང་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཁོར་ཡུག་གཏོར་བརླག་བཏང་བ། རྒྱ་མི་ཁྱོན་ཆེ་གནས་སྤོས་བྱས་པ། དེས་རྐྱེན་པས་བོད་ཀྱི་ངོ་བོ་དང་། རིག་གཞུང་ཉམས་ཆག་འགྲོ་བ་བཅས་སེམས་འཚབ་ཆེན་པོ་བྱེད་དགོས་པའི་འགྱུར་འགྲོས་དེ་དག་ལ་བལྟས་ན་བོད་དོན་འདི་ཕལ་ཆེར་རེ་བ་བྲལ་བ་ལྟ་བུ་ཞིག་ཏུ་མཐོང་གི་ཡོད་ཀྱང་། བོད་དོན་འདི་རྒྱ་ནག་ནང་གི་འགྱུར་བ་དང་འབྲེལ་བ་ཆེན་པོ་ཡོད་པ་ཞིག་ཡིན་པ་དང་། རྒྱ་ནག་སྟོབས་ཤུགས་ཆེན་པོ་གང་འདྲ་ཞིག་ཡིན་རུང་འཛམ་གླིང་འདིའི་ཆ་ཤས་ཤིག་ཡིན། དེང་འཛམ་གླིང་གི་འཕེལ་ཕྱོགས་ནི་འགྲིམས་འགྲུལ་དང་། འཕྲིན་ཡིག་འབྲེལ་མཐུད་བྱེད་བདེ་པོ་དང་། སྒོ་མོ་ཕྱེ་བ། རང་དབང་། མང་གཙོ། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བཅས་ཡོང་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་པ་ཡིན། ད་ལྟ་རྒྱ་ནག་ཀྱང་འགྱུར་བ་འགྲོ་བཞིན་པ་ལྟར་མཐར་ཐུག་དྲང་བདེན་དང་། རང་དབང་གི་ལམ་ལ་ཞུགས་རྒྱུ་ལས། དེ་ནས་གཡོལ་ཐབས་མེད། རྒྱ་མི་རིགས་ཀྱི་མཁས་པ་དང་། བསམ་བློ་རྒྱ་ཆེ་གཏོང་མཁན་ཚོས་གཙོས་པའི་གོ་རྟོགས་ཅན་གྱི་རྒྱ་མི་རིགས་ཀྱི་ནང་ནས་བོད་དོན་ལ་སེམས་ཁུར་བྱེད་པས་མ་ཚད། གདུང་སེམས་མཉམ་བསྐྱེད་བྱེད་མཁན་ཇེ་མང་དུ་འགྲོ་གི་ཡོད་པ་འདི་ནི་ང་ཚོའི་སེམས་ཤུགས་འཕེལ་བའི་ཆ་རྐྱེན་ཆེན་པོ་ཞིག་ཡིན།
ངོས་ནས་གོང་དུ་བརྗོད་པ་ལྟར་། བོད་ནང་གི་གནས་སྟངས་མུ་མཐུད་ཛ་དྲག་ངང་གནས་ཡོད་པ་དང་། དེ་བཞིན་རྒྱ་ནག་གི་དབུ་ཁྲིད་ཚོས་བོད་དོན་ཐད་གྲོས་མོལ་བྱ་རྒྱུ་ཁས་ལེན་མ་གནང་བར་བརྟེན་ངོས་ཀྱི་དབུ་མའི་ལམ་ལ་སྐྱོན་བརྗོད་བྱེད་མཁན་མང་དུ་འགྲོ་གི་ཡོད། ངོས་ནས་རྒྱུན་དུ་ཆབ་སྲིད་ཀྱི་བལྟ་ཚུལ་འདྲ་མིན་འཛིན་ཆོག་པའི་ཐོབ་ཐང་ལ་དགའ་བསུ་ཞུ་གི་ཡོད། འགའ་ཤས་ནས་བོད་རང་བཙན་གྱི་དམིགས་ཡུལ་བརྟན་པོར་འཛིན་གྱི་ཡོད་པ་དང་། འགའ་ཤས་ནས་ངོས་ཀྱི་ལངས་ཕྱོགས་འདིས་བོད་མི་ནང་ཁུལ་མི་མཐུན་པ་དང་། ཐེ་ཚོམ་མགོ་རྙོག་ཡོང་རྐྱེན་བཟོ་གི་འདུག་ཅེས་སྐྱོན་བརྗོད་བྱེད་མཁན་ཡོད། ཁོང་ཚོའི་སྐྱོན་བརྗོད་ཤུགས་ཆེ་རུ་འགྲོ་བ་དེའི་རྒྱུ་མཚན་ངས་ཤེས་ཀྱི་ཡོད། ངོས་ཀྱིས་བཏོན་པའི་དབུ་མའི་ཐབས་ལམ་ལ་རྒྱ་ནག་གཞུང་གིས་དོན་ཕན་ལྡན་པའི་བརྡ་ལན་མ་བྱས་སྟབས། བོད་མི་མང་ཆེ་བས་བོད་རང་བཙན་ནི་རྒྱལ་རབས་ལོ་རྒྱུས་ཐོག་ནས་ཡོད་པའི་ཁྲིམས་མཐུན་གྱི་ཐོབ་ཐང་ཡིན་པར་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། ངོས་ནས་ང་ཚོའི་རང་དབང་འཐབ་རྩོད་འདི་དྲག་པོའི་ཐབས་ལམ་ལ་བརྟེན་ནས་བྱ་རྒྱུར་ཁས་ལེན་རྩ་བ་ནས་བྱེད་ཀྱི་མེད། འོན་ཀྱང་བོད་མི་རྣམས་ཀྱིས་དེ་མིན་ཆབ་སྲིད་ཀྱི་ཐབས་ལམ་གཞན་དག་འཚོལ་ཞིབ་བྱ་རྒྱུ་དང་། གོ་བསྡུར་བྱ་རྒྱུའི་ཐོབ་ཐང་ལ་ངས་བརྩི་བཀུར་བྱེད་ཀྱི་ཡོད།
དེ་རིང་གི་གོ་སྐབས་འདི་བརྒྱུད་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་སྲིད་གཞུང་དང་། གྲོས་ཚོགས་ཀྱི་འཐུས་མི། གཞུང་འབྲེལ་མིན་པའི་ཚོགས་པ་ཁག ཆོས་ལུགས་ཁགམི་སྒེར་མང་པོ་ཞིག་ཡོད་པ་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་བོད་པའི་བདེན་དོན་ལ་རྒྱབ་སྐྱོར་བྱེད་མཁན་གཟུར་གནས་བློ་ལྡན་རྒྱ་མི་མང་པོ་ཡོད་པ་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྷག་པར་དུ་ད་ཕན་མི་ལོ་བཞི་བཅུའི་རིང་རྒྱ་གར་གཞུང་དང་མི་མང་ནས་ང་ཚོར་འགྲན་ཟླ་བྲལ་བའི་རོགས་རམ་རྒྱབ་སྐྱོར་གནང་བ་ལ་ངས་བོད་མི་མང་གི་མགྲིན་ཚབ་བྱས་ཏེ་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མཐའ་དོན། བོད་རང་དབང་གི་ཆེད་དུ་རང་གི་ལུས་སྲོག་ལེགས་སྐྱེས་ལ་ཕུལ་དང་འབུལ་བཞིན་པའི་སྐུ་གཤེགས་དཔའ་བོ་ཕོ་མོ་རྣམས་ལ་གུས་བཏུད་དང་། ང་ཚོའི་མི་མང་གི་སྡུག་བསྔལ་མྱུར་དུ་སེལ་བའི་སྨོན་ལམ་དང་ཆབས་ཅིག དེ་རིང་གི་གོ་སྐབས་འདི་བཟུང་ནས་རྒྱ་ནག་ལ་རང་དབང་དང་། མང་གཙོ་ཡོང་བའི་ཆེད་དུ་བློས་གཏོང་ཆེན་པོ་བྱེད་མཁན་སྤན་ཟླ་རྒྱ་རིགས་ཀྱི་དཔའ་བོ་ཕོ་མོ་རྣམས་ལ་བསྔགས་བརྗོད་བྱ་རྒྱུ། ཏཱ་ལའི་བླ་མས། རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་ཟླ་ཚེས་ཕྱི་ལོ་ ༢༠༠༡ ཟླ་ ༣ ཚེས་༡༠ ལ།། །།