ངོ་སྤྲོད།

༄༅། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནི་བཙན་བྱོལ་སྒྲིག་འཛུགས་ཀྱི་བློན་ཆེན་ལས་ཁུངས་ཤིག་ཡིན། འདིའི་ལས་འགན་གཙོ་བོ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ། ཆོས་རིག་དང་འབྲེལ་བའི་གཏན་འབེབས་སྲིད་བྱུས་ལག་བསྟར་དང་། ཁྱབ་ཁོངས་དགོན་སྡེའི་སྒྲིག་འཛུགས་ཁག་ལ་ལམ་སྟོན་དང་མཐུན་འགྱུར་ཞུ་རྒྱུ་སོགས་ཡིན།

ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༢༧ ཉིན་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མ་འཆི་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མ་སུ་རིར་ཆོས་དོན་ལྷན་ཚོགས་ཀྱི་མཚན་ཐོག་དབུ་འཛུགས་གནང་བ་ནས་བཟུང་ལས་འགོ་བརྩམས། དེ་ནས་ཕྱི་ལོ་ ༡༩༦༠ ཟླ་ ༥ ཚེས་ ༣༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཞུགས་སྒར་དང་བོད་གཞུང་གི་རྟེན་གཞི་དྷརྨ་ཤཱ་ལར་གནས་སྤོས་གནང་ཞིང་། བཙན་བྱོལ་བོད་གཞུང་འདི་ཉིད་མང་གཙོའི་སྒྲིག་འཛུགས་སུ་བསྒྱུར་སྐབས། ཕྱི་ལོ་ ༡༩༥༩ ཟླ་ ༩ ཚེས་ ༡༢ ཉིན་ཆོས་དོན་ལྷན་ཚོགས་དེ་ཉིད་འཛིན་སྐྱོང་སྡེ་ཚན་གྱི་ལྷན་ཁང་གཙོ་ཆེ་ལྔ་ཡི་ནང་ནས་གཅིག་ཡིན།

ད་ལྟའི་ཆར་བློན་ཆེན་ལས་ཁུངས་བདུན་གྱི་ནང་ནས་བསླབ་པ་རྒན་ཤོས་ཆགས་ཡོད། བཀའ་བློན་ཞིག་གིས་ལས་ཁུངས་འདི་ཉིད་ཀྱི་འཛིན་སྐྱོང་གནང་། ད་བར་ལས་ཁུངས་འདིར་བཀའ་བློན་རིམ་པ་ ༡༧ བྱུང་ཞིང་། བཀའ་བློན་བཅུ་བདུན་པ་ནི་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཡིན། ཁོང་ནི་སྤྱི་འཐུས་ལྷན་ཚོགས་ཀྱིས་འོས་འདེམས་གནང་སྟེ་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡ ནས་མཛད་འཁུར་དབུ་འཛུགས་གནང་།

དགོན་སྡེ་གྲྭ་ཚང་སྐོར།

ཆོས་རིག་ལས་ཁུངས་སུ་དེབ་བསྐྱེལ་བྱུང་བ་རྒྱ་བལ་འབྲུག་གསུམ་དུ་དགོན་པ་ ༢༦༢ ཡོད་པ་རྣམས་ལ་ལམ་སྟོན་སྟངས་འཛིན་དང་། དགེ་བཙུན་ཞལ་གྲངས་ ༣༠༠༠༠ སྐོར་གྱི་བདེ་དོན་ལ་གཟིགས་སྐྱོང་གནང་གི་ཡོད།
གོང་གསལ་དགོན་སྡེའི་སྒྲིག་འཛུགས་ཙམ་མིན་པར། ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་བོད་ཀྱི་ཆོས་དང་རིག་གཞུང་སླར་གསོ་དང་མི་ཉམས་རྒྱུན་འཛིན་གནང་མཁན་རིག་གཞུང་གི་བསྟི་གནས་རྡ་ས་བོད་ཀྱི་ཟློས་གར་ཚོགས་པ་དང་། ལྡི་ལི་བོད་ཁང་། ཝར་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་། རྡ་ས་བོད་ཀྱི་དཔེ་མཛོད་ཁང་། རྡ་ས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དང་། རྡོར་གླིང་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་འཛིན་ཁང་བཅས་ཡོད།
དམིགས་ཡུལ། ཆོས་རིག་ལས་ཁུངས་ཀྱི་དམིགས་ཡུལ་མཐར་ཐུག་ནི་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་གནང་རྒྱུ་དང་།

༡་ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་གཞིར་བཟུང་ཆོས་རིག་དང་འབྲེལ་བའི་སྲིད་བྱུས་ལག་བསྟར་ཞུ་རྒྱུ།
༢་ བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་ཕན་ཚུན་འབྲེལ་ལམ་དང་ཆིག་སྒྲིལ་དར་རྒྱས་གཏོང་རྒྱུ།
༣་ བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་སླད་བོད་ཀྱི་ཆོས་སྡེ་དང་། ལྷ་ཁང་། རིག་གཞུང་བསྟི་གནས་བཅས་ལ་མཐུན་འགྱུར་ཞུ་རྒྱུ།
༤་ བོད་ཀྱི་ཆོས་དང་རིག་གཞུང་འབྲེལ་བའི་ལྷན་ཚོགས་ཁག་བསྐོང་རྒྱུ་དང་། གཞན་གྱིས་གྲ་སྒྲིག་གནང་བའི་ཆོས་དང་རིག་གཞུང་འབྲེལ་བའི་ཚོགས་འདུ་ཁག་ཏུ་ཞུགས་རྒྱུ།
༥་ ཕྱི་རོལ་པའི་ཆོས་ལུགས་ཁག་གི་གལ་འགངས་ཆེ་བའི་ཆོས་ཚོགས་ཁག་དང་། ཕྱི་རྒྱལ་དུ་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་དང་འབྲེལ་ལམ་ཞུ་རྒྱུ།
༦་ ཆོས་རིག་དང་འབྲེལ་བའི་ཉམས་ཞིབ་ལས་དོན་ཁག་ལ་རོགས་རམ་དང་ལག་བསྟར་བྱ་རྒྱུ།
༧་ བཙན་བྱོལ་དུ་སླར་གསོ་བྱུང་བའི་བོད་ཀྱི་ཆོས་སྡེ་ཁག་ལ་ཤེས་ཡོན་དང་འབྲེལ་བའི་མཐུན་འགྱུར་རོགས་རམ་ཞུ་རྒྱུ།
༨་ བོད་བརྒྱུད་ནང་བསྟན་གྱི་དབང་ལུང་མན་ངན་དཀོན་རིགས་རྣམས་སླར་གསོ་དང་རྒྱུན་འཛིན་སླད་མཐུན་འགྱུར་ཞུ་རྒྱུ།
༩་ རྒས་འཁོགས་དང་། ནད་པ། འཚོ་ཐབས་དཀའ་ངལ་ཅན་གྱི་དགེ་བཙུན་དང་། མཚམས་བསྙེན་བཞུགས་མཁན་རྣམས་ལ་གཟིགས་སྐྱོང་གནང་རྒྱུ།
༡༠་ བོད་བསྟན་སྲིད་མི་རིགས་སྤྱིའི་དོན་དུ་ཆོས་ཕྱོགས་ཀྱི་ལས་དོན་ཁག་བསྒྲུབ་རྒྱུ།
༡༡༌ བོད་མིའི་འདུས་སྡོད་ས་གནས་ཁག་ལ་ནང་ཆོས་ངོ་སྤྲོད་ཀྱི་ལས་གཞི་དར་སྤེལ་རྒྱ་ཆེ་གཏོང་རྒྱུ།

ལས་ཁུངས་ཀྱི་སྒྲོམ་གཞི།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་དང་དེའི་འོག་བཀོད་སྒྲིག་གནང་བའི་སྒྲིག་གཞི་དང་རྩ་འཛིན་ལམ་སྟོན། དེ་བཞིན་འབྲེལ་ཡོད་བཀའ་བློན་གྱི་སྟངས་འཛིན་ལམ་སྟོན་སྲིད་བྱུས་གཞིར་བཟུང་འཛིན་སྐྱོང་དྲུང་ཆེས་ཉིན་རེའི་སྟངས་འཛིན་ལམ་སྟོན་འོག་འཛིན་སྐྱོང་སྡེ་ཚན་གྱི་ཁོངས་སུ་རྩིས་དང་། སློབ་ཡོན། སྦྱིན་བདག ཉམས་ཞིབ་བཅས་དང་། འབྲེལ་ཡོད་ལས་བྱེད་རྣམས་ནས་དྲུང་འཕར་བརྒྱུད་དྲུང་ཆེར་ལས་དོན་སྙན་འབུལ་ཞུ་དགོས།
ཞབས་རིམ་ཚན་པའི་འགན་ནི་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ཆོས་ཕྱོགས་ཀྱི་ལས་རིགས་ཁག་གོ་སྒྲིག་དང་ལག་བསྟར་གནང་དགོས། ཟུང་དྲུང་གཅིག་གིས་སྟངས་འཛིན་འོག་སྙན་ཐོ་ཐད་ཀར་དྲུང་ཆེ་ལ་འབུལ་དགོས།
ཡིག་མཛོད་ཚན་པའི་ལས་འགན་ནི་ཟུར་སྐྱོང་ལོ་རྒྱུས་ཚན་པས་དབྱེ་གསེས་གནང་བའི་བཙན་བྱོལ་སྒྲིག་འཛུགས་ཀྱི་གལ་ཆེའི་ཡིག་ཆ་རྣམས་ཉར་ཚགས་གནང་དགོས། དྲུང་གཞོན་ལས་རོགས་ཤིག་གིས་བལྟ་སྐྱོང་འོག་སྙན་ཐོ་དྲུང་ཆེར་ཐད་ཀར་འབུལ་དགོས།

ཆོས་རིག་ལས་ཁུངས་ཀྱི་ལས་དོན་དང་མཐུན་འགྱུར་གལ་ཆེན་འགའ་ཞིག

བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་བླ་ཆེན་དང་སྐུ་ཚབ་རྣམས་འཛོམས་པའི་ཆོས་ཚོགས། ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་ཞིང་ལོ་གཉིས་རེའི་མཚམས་སུ་འཚོགས་པའི་ཚོགས་འདུ་རྒྱས་འཛོམས་ཤིག་སྟེ། ཕྱི་ལོ་ ༡༩༦༣ ལོ་ནས་འགོ་ཚུགས་པས་ད་བར་ཆོས་ཚོགས་ཐེངས་བཅུ་བཞི་འཚོགས་པ་དང་། མཐའ་མ་དེ་བཞུགས་སྒར་དྷརྨ་ཤཱ་ལར་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༧ ནས་ ༢༩ བར་ཚོགས།

ཆོས་ཕྱོགས་ཀྱི་ལས་དོན། འདི་ནས་ལོ་ལྟར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་མ་ཧ་གུ་རུའི་འབུམ་ཚོགས། དེ་མིན་དམིགས་བསལ་ནམ་དགོས་སྐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་བླ་ཆེན་རྣམ་པར་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུས་མཚོན། རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་དང་། བོད་བསྟན་སྲིད་མི་རིགས་དང་རང་དབང་གི་དོན་དུ་དུས་བསྟུན་ཆོས་ཕྱོགས་ཀྱི་ལས་དོན་ཇི་དགོས་གནད་སྨིན་སྒྲུབ་བཞིན་མཆིས།

ཉམས་ཞིབ་ལས་རིགས། བོད་ཀྱི་ཆོས་རིག་དང་འབྲེལ་བའི་གནད་དོན་གང་ཞིག་གི་ཐོག་དམིགས་བསལ་ཉམས་ཞིབ་དགོས་རིགས་སྐབས། ཉམས་ཞིབ་པ་བསྐོ་རྒྱུས་མཚོན་ཉམས་ཞིབ་ལས་དོན་སྒྲུབ་ཀྱི་ཡོད།
ད་བར་ལོ་ངོ་བཙུ་ཕྲག་ཁ་ཤས་རིང་བོད་དུ་དར་བའི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བའི་ལུགས་སུ་དགེ་སློང་མ་སླར་གསོ་གནང་ཐབས་ཡོད་མེད་སྐོར་ཞིབ་འཇུག་བགྱིས་པ་དང་ཉམས་ཞིབ་པ་དགེ་བཤེས་བཀྲ་ཤིས་ཚེ་རིང་ལགས་ཀྱི་གཙོ་འགན་བཞེས་ཐོག་དེབ་ཕྲེང་ལྔ་ཙམ་དཔར་སྐྲུན་བྱེད་ཡོད། ཆོས་བརྒྱུད་ཆེན་པོ་ཁག་གི་མཁས་དབང་བསྡུས་ནས་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་ཙམ་གནང་། ད་ལྟའི་འཆར་ཡང་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༢ ནས་ ༢༤ བར་འཚོགས་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་ཚོགས་ཐེངས་བཅུ་གཅིག་པ་ནང་ཐག་གཅོད་གནང་དོན་བཞིན་ཆོས་བརྒྱུད་རེ་ནས་སྐུ་ཚབ་གཉིས་རེ་དང་། བཙུན་མའི་སྐུ་ཚབ་གཉིས་བཅས་ཁྱོན་འདུལ་བ་འཛིན་པ་བཅུ་ལས་སྒྲུབ་པའི་ཚོགས་ཆུང་ཞིག་ཟུར་བཙུགས་ཀྱིས་ས་ར་མཐོ་སློབ་ཏུ་ཉམས་ཞིབ་གནང་བཞིན་པ་ཡིན།

བོད་ནས་འབྱོར་བའི་གྲྭ་བཙུན་རྣམས་ལ་སློབ་ཡོན་རོགས་རམ། དགོན་སྡེའི་སྒྲིག་འཛུགས་ཁོངས་སུ་ཡོད་ཅིང་རང་ལོ་ ༦ ནས་ ༢༥ བར་ཡིན་པའི་བོད་ནས་གསར་འབྱོར་དགེ་བཙུན་རྣམས་ལ་ལོ་བཅོ་ལྔའི་རིང་ངམ། དགོན་སྡེའི་སྒྲིག་འཛུགས་ནས་མ་འཐོན་རིང་ཟླ་རེར་ཧིན་སྒོར་ ༢༠༠ རེ་སློབ་ཡོན་དོད་འབུལ་གྱི་ཡོད། ལས་གཞི་འདི་ཉིད་ཕྱི་ལོ་ ༡༩༨༠ ཙམ་ནས་འགོ་བརྩམས་ཏེ་ད་བར་དགེ་བཙུན་ཆིག་ཁྲི་ལྷག་ལ་སློབ་ཡོན་ཕུལ། ད་ལྟའི་ཆར་ཆོས་སྡེ་ ༥༦ ནང་བཞུགས་གྲྭ་པ་ ༧༦༦༥ དང་བཙུན་མ་ ༤༨༥ བཅས་ཁྱོན་དགེ་བཙུན་ཞལ་གྲངས་ ༨༡༥༠ ལ་སློབ་ཡོན་རོགས་རམ་འབུལ་བཞིན་པའོ།།

འཚོ་སྣོན་གྱི་རོགས་རམ། དགོན་སྡེའི་སྒྲིག་འཛུགས་གང་གི་ཁོངས་སུ་མ་གཏོགས་ཅིང་། འཚོ་བའི་དཀའ་ངལ་ཡོད་པའི་དགེ་བཙུན་སྔགས་གསུམ་ལ་ཟླ་རེར་ཧིན་སྒོར་ ༣༠༠ རེ་འབུལ་བའི་རོགས་རམ་ཞིག་སྟེ། ད་ལྟའི་ཆར་བཞུགས་སྒར་ཁུལ་དུ་འཚོ་སྣོན་ཞུ་མི་ ༡༣༣ དང་། བོད་མིའི་བཙན་བྱོལ་གཞིས་ཆགས་ ༡༢ ནས་མི་གྲངས་ ༥༩ བཅས་བསྡོམས་མི་གྲངས་ ༡༩༢ ལ་འཚོ་སྣོན་གྱི་རོགས་རམ་འབུལ་གྱིན་ཡོད།

རུ་སོག་མི་རིགས་ལ་མཐུན་འགྱུར། བོད་དང་མཉམ་དུ་ཆོས་དང་རིག་གཞུང་གི་འབྲེལ་བ་དམ་ཟབ་ཡོད་པའི་ར་ཤི་ཡའི་ས་ཁུལ་འགའ་ཞིག་དང་། སོག་ཡུལ་ནས་ཕེབས་པའི་སློབ་གཉེར་བ་བཙན་བྱོལ་བོད་མིའི་དགོན་སྡེ་ཁག་ཏུ་ཞུགས་མཁན་རྣམས་ལ་སློབ་ཡོན་འབུལ་བཞིན་པར། ད་ལྟའི་ཆར་རུ་སོག་སློབ་གཉེར་བ་མི་གྲངས་ ༡༢༨ ལ་ཟླ་རེར་ཧིན་སྒོར་ ༢༠༠ ཐམ་པ་སློབ་ཡོན་ལོ་ ༡༥ རིང་འབུལ་གྱིན་ཡོད།

དགེ་རྒན་གྱི་གསོལ་ཕོགས། བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་ཡོད་པའི་རང་རེའི་དགོན་སྡེ་ཆུང་བ་དཔལ་འབྱོར་འཁོས་ཀ་ཞན་པ་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་དགོན་སྡེ་ཁག་གི་དཔེ་ཁྲིད་དགེ་རྒན་དང་། དགོན་སྡེ་གཞན་གྱི་རྒྱ་སྐད་དགེ་རྒན་བཅས་ཁྱོན་ཞལ་གྲངས་ ༣༤ ལ་གསོལ་ཕོགས་འབུལ་མུས་ཡིན།

དཀོན་གཉེར་གྱི་གསོལ་ཕོགས། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་དགོན་པ་དང་ལྷ་ཁང་ལ་བདག་གཅེས་ཚུལ་བཞིན་མ་ཐུབ་མཁན་གྲས་དཀོན་གཉེར་ ༡༢ ལ་གསོལ་ཕོགས་ཕུལ་ཏེ་བདག་གཅེས་ཞུ་བཞིན་ཡོད།

ནང་ཆོས་གོ་སྒྲིག་ཚོགས་ཆུང་ལ་རོགས་འདེགས། མང་ཚོགས་ཁྲོད་དུ་ནང་དོན་རིག་པའི་སློབ་གཉེར་དར་འཕེལ་ཡོང་ཐབས་ལ་དམིགས་ནས་ས་གནས་ཁག་ཏུ་ནང་ཆོས་ངོ་སྤྲོད་སྒོ་སྒྲིག་གནང་མཁན་ཚོགས་ཆུང་རེ་ཟུར་བཙུགས་བྱས་ཡོད། དེ་དག་གི་ཚོགས་གཙོ་ས་གནས་འགོ་འཛིན་རང་ནས་གནང་གི་ཡོད། འདི་ནས་ལམ་སྟོན་གནང་དོན་བཞིན་ཚོགས་ཆུང་ཁག་ནས་སོ་སོའི་ས་གནས་སུ་ལོ་གཅིག་ནང་ནང་ཆོས་ངོ་སྤྲོད་ཐེངས་གསུམ་ནས་དྲུག་བར་སྤེལ་བཞིན་ཡོད། དེའི་འགྲོ་གྲོན་ཆ་ཚང་ཆོས་རིག་ལས་ཁུངས་ནས་འབུལ་གྱི་ཡོད།

ཆོས་རིག་ལས་ཁུངས་རང་ནས་དབུས་ལས་ཁུངས་ཁག་གི་སྲི་ཞུ་བ་ལ་དམིགས་ནས་རྡ་ས་རིགས་ལམ་སློབ་གཉེར་ཁང་གི་དགེ་རྒན་དགེ་བཤེས་བློ་བཟང་ཟླ་བ་ལགས་གདན་འདྲེན་ཞུས་ཏེ་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡ ནས་འགོ་བཙུགས་ཏེ་རེས་གཟའ་པ་སངས་ནམ་ཡིན་ནང་ཆོས་ངོ་སྤྲོད་སྤེལ་བཞིན་ཡོད།
བྱེས་འཁོད་བོད་རིགས་གཞིས་ཆགས་ཕལ་མོ་ཆེར་མང་ཚོགས་ཁྲོད་དུ་ལོ་ལྟར་ནང་ཆོས་ངོ་སྤྲོད་ལས་རིམ་སྤེལ་མཁན་ཚོགས་ཆུང་བཙུགས་ཡོད། དེས་ལོ་ལྟར་སོ་སོའི་གཞིས་ཁོངས་སུ་ལས་རིམ་ཐེངས་གསུམ་ཙམ་ངེས་པར་སྤེལ་དགོས། ཆོས་རིག་ལས་ཁུངས་ནས་ཚོགས་ཆུང་ལ་དཔལ་འབྱོར་དང་ལམ་སྟོན་མཐུན་འགྱུར་ཞུ་བཞིན་ཐོག་ས་གནས་ནས་ལས་བསྡོམས་ཡང་འབྱོར་བཞིན་ཡོད།

འཆར་གཞི་ཁག་ལ་དངུལ་གྱི་རོགས་རམ། དགོན་པ་དང་ལྷ་ཁང་ཞིག་གསོའི་ལས་འཆར་ཁག་དང་། གསུང་རབ་དཔར་སྐྲུན་རིགས། དེ་བཞིན་ཆོས་རིག་དང་འབྲེལ་བའི་སློབ་གསོའི་ལས་རིགས་སྤེལ་མཁན་ཁག་ལ་དངུལ་གྱི་མཐུན་འགྱུར་ཇི་འགབ་རེ་ཞུ་བཞིན་ཡོད།
ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་རིག་གཞུང་བསྟི་གནས་ཁག
༡་ བོད་ཀྱི་ཟློས་གར་ཚོགས་པ། བོད་ཀྱི་སྲོལ་རྒྱུན་ཟློས་གར་སྒྱུ་རྩལ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ།
སྦྱོང་བདར་ཁང་གི་བསྟི་གནས་ཤིག་སྟེ། བཙན་བྱོལ་བོད་གཞུང་གི་བྱུས་བཀོད་འོག་ཕྱི་ལོ་ ༡༩༥༩ ལོར་དྷརྨ་ཤཱ་ལར་ཕྱག་བཏབ། རིག་གཞུང་བསྟི་གནས་འདིས་བོད་ཀྱི་སྲོལ་རྒྱུན་ཟློས་གར་རིག་གཞུང་རྣམས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་གོང་སྤེལ་གྱི་ལས་རིགས་སྣ་མང་སྤེལ་བཞིན་ཡོད། འདིའི་སྐོར་རྒྱས་པ་ནི་ཚོགས་པའི་དྲ་རྒྱ་ www.tipa.asia ཐོག་གཟིགས།

༢་ ལྡི་ལི་བོད་ཁང་།

ལྡི་ལིར་ཕྱི་ལོ་ ༡༩༦༥ ལོར་ཕྱག་བཏབ། དེ་ནས་བཟུང་བོད་ཀྱི་ཆོས་རིག་དང་འབྲེལ་བའི་རྫས་དངོས་ཉར་ཚགས་དང་། དམིགས་བསལ་ཚོགས་འདུ་བསྐོང་ཚོགས། བསྟི་གནས་རང་དུ་བོད་ཀྱི་སྐད་ཡིག་དང་ནང་དོན་ལྟ་གྲུབ་འཛིན་གྲྭ་བཙུགས་པ་སོགས། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་དར་སྤེལ་གནང་བའི་ལས་དོན་སྣ་མང་སྤེལ་གྱི་ཡོད། ཚོགས་པ་འདིའི་སྐོར་རྒྱས་པ་ནི་ www.tibethouse.in ཐོག་གཟིགས།

༣་ ཝར་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་།

མཐོ་རིམ་སློབ་གྲྭ་འདྲ་བའི་གནས་བབ་ཡོད་ལ། རྒྱ་གར་དབུས་གཞུང་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ཕྱི་ལོ་ ༡༩༧༡ ཟླ་ ༨ ཚེས་ ༢༠ ལ་དབུ་ཚུགས། རྒྱ་གར་དུ་བོད་ཀྱི་རིག་གནས་ཆེ་ཆུང་རྣམས་ལ་སྦྱོང་བརྡར་དང་ཉམས་ཞིབ་གནང་ཡུལ་བསྟི་གནས་ཤིག་ཡིན། རྒྱས་པ་ wwww.cihts.ac.in དྲ་རྒྱའི་ཐོག་གཟིགས།

༤་ བོད་ཀྱི་དཔེ་མཛོད་ཁང་།

རྡ་རམ་ས་ལར་ཕྱི་ལོ་ ༡༩༧༡ ལོར་ཕྱག་བཏབ། བོད་རིགས་སྐྱབས་བཅོལ་བས་བོད་ནས་གདན་འདྲེན་ཞུས་པའི་ལྷ་སྐུ་དང་གསུང་རབ་པོ་ཏི་སོགས་ཉར་ཚགས་དང་། བོད་ཀྱི་སྐད་ཡིག་དང་ནང་པའི་ལྟ་གྲུབ་འཛིན་གྲྭ་བཙུགས་པ། ཆོས་སྡེ་ཁག་ཏུ་དེང་རབས་ཚན་རིག་སྦྱོང་བརྡར་ཆེད་ཟབ་སྦྱོང་སྤྲོད་རྒྱུས་མཚོན་ལས་དོན་རྣམ་གྲངས་མང་པོ་སྤེལ་གྱི་ཡོད། རྒྱས་པ་ www.ltwa.org ཐོག་གཟིགས།

༥་ ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་།

ཕྱི་ལོ་ ༡༩༩༥ ལོར་ཕྱག་བཏབ། རིག་གཞུང་ཉམས་ཞིབ་ཁང་། ལྷ་བྲིས་ལྷ་བཟོ་རིགས་སྦྱོང་བརྡར་ཁང་སོགས་དམིགས་བསལ་སྡེ་ཚན་དང་། བོད་ཀྱི་སྲོལ་རྒྱུན་རིག་གཞུང་མི་ཉམས་རྒྱུན་འཛིན་གྱི་ལས་རིགས་སྣ་མང་སྤེལ་གྱིན་ཡོད། རྒྱས་པ་ནི་ www.norbulingka.orgལ་གཟིགས།

༦་ འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་།

རྡོར་གླིང་དུ་ཕྱི་ལོ་ ༡༩༨༨ ལོར་ཕྱག་བཏབ། བསྟི་གནས་འདིར་བོད་ཀྱི་རིག་གནས་སློབ་ཁྲིད་དང་རིག་གཞུང་འགྲེམས་སྟོན་སོགས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་སླད་ལས་རིགས་མང་པོ་སྤེལ་གྱི་ཡོད། རྒྱས་པ་  www.manjushree-culture.org ཐོག་གཟིགས།། །།

མཆན། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡༣ ལ་བསྐྱར་བཟོ་བྱས།

Menu