སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ཐོག་བདེ་སྲུང་བཀའ་བློན་མཆོག་གིས་དོལ་རྒྱལ་དང་འབྲེལ་བའི་སྐོར་གསུངས་པ།
ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༧ ལ་སྤེལ།
༄༅། །གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༢༢ ཐོག་བགྲོ་གླེང་ཧ་ལམ་དེ་རིང་ཉིན་ཧྲིལ་པོ་གནང་བར་བཀུར་འོས་སྤྱི་འཐུས་ཕལ་ཆེ་བས་ཆ་ཤས་བཞེས་ནས་ཐུགས་ཚོར་ཤུགས་ཆེན་པོས་དགོངས་འཆར་དང་། བཀའ་སློབ། རེ་འདུན། གཞེན་བསྐུལ་མང་པོ་ཞེ་དྲག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྷག་པར་དུ་བདེ་སྲུང་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་བ་ཡོད་པའི་ཆ་ནས་སྐུ་ཕྱྭའི་ཐོག་ལ་དེ་བས་ཀྱང་ཚོར་ཤུགས་ཆེན་པོས་དགོངས་འཆར་དང། གཞེན་བསྐུལ་མང་པོ་གནང་བ་ཁག་གང་ཐུབ་ཀྱིས་བརྗེད་ཐོ་བརྒྱབ་ཡོད། འོན་ཀྱང་འདིའི་ཐོག་དམིགས་བསལ་བྱེད་འཆར་དེ་འདྲ་ཡོད་ཅེས་ཞུ་རྒྱུ་མེད་ཅེས་སྙན་སེང་ཞུ་རྒྱུ་ཡིན།
སྤྱི་ཡོངས་ནས་དོལ་རྒྱལ་གྱི་གནས་ཚུལ་ནི་གྲོས་ཚོགས་ཀྱི་བཀུར་འོས་སྤྱི་འཐུས་རྣམ་པས་མཁྱེན་གསལ་ལྟར་ལགས་ཀྱང་། གྲོས་ཚོགས་འདི་གལ་ཆེན་པོ་ཡིན་ཐོག བར་སྐབས་བོད་པའི་སྤྱི་ཚོགས་ནང་བརྒྱུད་ལམ་འདིར་ཐུགས་སྣང་ཆེན་པོ་གནང་མཁན་མང་པོ་ཡོད་པའི་ཆ་ནས་དོན་ཚན་གཅིག་གཉིས་ཐོག་གསལ་པོ་ཡོང་ཆེད་གསལ་བཤད་དང་སྦྲགས་ནས་ཞུ་རྒྱུར་འབད་བརྩོན་ཞུ་གི་ཡིན།
བཀུར་འོས་སྤྱི་འཐུས་མང་པོས་དོལ་རྒྱལ་གྱི་རྒྱབ་ལྗོངས་ལོ་རྒྱུས་དང་། ངོ་བོ་གང་ཡིན་གསལ་པོ་གསུངས་སོང་བས་ཞུ་གི་མིན། ཕྱི་ལོ་ ༡༩༩༦ ནས་༸སྐྱབས་མགོན་རིན་པོ་ཆེས་དོལ་རྒྱལ་སྐོར་ལ་བཀའ་སློབ་གསལ་པོ་དང་། གསལ་ཅན་གནང་ཡོད་ཀྱང་བཀག་འགོག་གནང་མེད། དེའི་ཐོག་ལ་དམ་བསྒྲགས་གནང་བ་རེད། གོང་དུ་གྲོས་ཚོགས་ནང་བཀའ་གནང་མཁན་བྱུང་བ་ལྟར་རྣམ་པ་ཚོས་ཕྱི་ལོ་ ༡༩༩༦ ལོ་ནས་གང་བྱུང་བ་མཁྱེན་གསལ་ལྟར་རེད། ཕྱི་ལོ་ ༡༩༩༦ ནང་གནས་ཚུལ་དེ་དག་དང་འབྲེལ་བའི་ཐོག་ལ་གྲོས་ཆོད་གཉིས་བཞག་གནང་འདུག
༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དཔྱིད་ཆོས་གནང་སྐབས་དོལ་རྒྱལ་སྐོར་ལ་བཀའ་སློབ་གནང་བའི་རྗེས་སུ་དོལ་རྒྱལ་རྗེས་འབྲང་བས་ལྡི་ལིར་ལྷ་མི་སྲུང་སྐྱོབ་ཚོགས་པ་ཞེས་པའི་སྒྲིག་འཛུགས་ཤིག་དེབ་སྐྱེལ་བྱས་ནས་བཙུགས་པ་མ་ཟད། གཞིས་ཆགས་ཁག་དང། དགོན་པ། སྒྲིག་འཛུགས། མི་སྒེར་མང་པོར་སྡིགས་ར་དང་། འཇིགས་སྐུལ་སྣ་ཚོགས་བྱས་པ་རེད། ལྷག་པར་དུ་ད་ལྟ་ངས་དྲན་ཚོད་ལ་གཞིགས་ན་ཕྱི་ལོ་ ༡༩༩༦ ཟླ་ ༥ ཚེས་ ༢༧ ཉིན་བྱང་རྩེ་གྲྭ་ཚང་གི་རྩ་ཁང་ལ་མེ་བརྒྱབ་པ་དང་། བྱང་རྩེ་གྲྭ་ཚང་གི་མཁན་ཟུར་རྒན་དབང་དགའ་མཆོག་ལ་ས་སྣུམ་གཤོས་ནས་མེར་སྲེག་གཏོང་རྒྱུའི་འབད་རྩོལ་བྱས་ཡོད་པ་དོ་བདག་གིས་གསལ་པོ་བཀའ་གནང་བ་ཚང་མས་བརྙན་འཕྲིན་ནང་ལ་མཇལ་རྒྱུ་ཡོད།
དེ་ནས་ཟླ་བ་གཉིས་ཙམ་གྱི་རྗེས་སུ་ཕྱི་ལོ་ ༡༩༩༦ ཟླ་ ༧ ཚེས་ ༣ ཉིན་ར་ཇ་པུར་ (Rajpur) ས་གནས་སུ་བཙན་བྱོལ་གཞུང་གི་བཀའ་ཟུར་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་གྱི་གཟིམ་ཤག་ནང་མི་སླེབས་པ་དང་། སྐུ་ངོ་ཁོང་ལ་གྲི་རྒྱབ་སྟེ་སྨན་ཁང་ལ་ཕེབས་དགོས་པའི་གནས་ཚུལ་བྱུང་ཡོད། དེའི་སྐོར་སྐུ་ངོ་ཀུན་བདེ་གླིང་ཞིང་གཤེགས་དམ་པ་ཁོང་ལ་བཅའ་འདྲི་ཞུས་པ་ཞིག་གི་ནང་མི་དེ་དག་གང་ནས་ཡོང་བ་དང་། རྒྱུ་མཚན་ག་རེའི་ཆེད་དུ་ཡོང་བ་གསལ་པོ་བཀའ་གནང་ཡོད་པ་ད་ལྟ་བརྙན་འཕྲིན་ནང་མཇལ་རྒྱུ་ཡོད།
ཕྱི་ལོ་ ༡༩༩༧ ཟླ་ ༢ ནང་དྷ་རམ་ས་ལར་མཚན་ཉིད་སློབ་དཔོན་གཙོས་པའི་མི་གཉིས་བཀྲོངས་པ་རེད། དེའི་སྐོར་དེ་རིང་ཞོགས་པ་གྲོས་ཚོགས་འདིའི་ནང་ལ་གསལ་པོ་བྱས་ནས་བཀའ་གནང་མཁན་བྱུང་སོང་ལ། སྐབས་དེ་དུས་ས་གནས་སྐོར་སྲུང་སྤྱི་ཁྱབ་པས་པས་ལྡི་ལི་ནས་ཡོང་བའི་མི་ཡིན་པ་བརྙན་འཕྲིན་ནང་ལ་གསལ་པོ་གསུངས་པ་དང་། བརྒྱུད་ལམ་ཁག་ནང་གསལ་པོ་བཟོས་ཡོད། དོ་བདག་གིས་གང་གསུང་པ་བརྒྱུད་ལམ་ཁག་ནས་མཇལ་རྒྱུ་ཡོད་པས་ངེས་པར་དུ་ཐུགས་སྣང་གནང་རོགས་ཞུ་རྒྱུ་ཡིན། གནས་ཚུལ་དེ་དང་འབྲེལ་བའི་མི་གཉིས་ལ་རྒྱལ་སྤྱིའི་ཉེན་སྲུང་ངམ་ Interpol དཔལ་ལྡན་ཚོགས་གཙོ་མཆོག ཨིན་ཇིའི་ནང་ལ་ཞུ་ཆོག་པ་ཞུ། Red Corner notice གཏོང་རྒྱུའི་ལམ་ལུགས་ཡོད་པ་ལྟར་དེ་འདྲ་བཏང་བ་ད་ལྟ་ཡིན་ནའང་འབྲེལ་ཡོད་དྲ་རྒྱའི་ནང་ལ་ཡོད་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་བཙན་བྱོལ་སྒྲིག་འཛུགས་ཀྱྱིས་དོལ་རྒྱལ་ཚོགས་པས་བྱས་པ་རེད་ཅེས་ཁུངས་མེད་ཀྱི་གནས་ཚུལ་ཞུ་གི་མེད་པ་གསལ་པོ་ཆགས་ཡོད། ས་གནས་ས་ཐོག་གི་ཁྲིམས་དང་། བདེ་འཇགས་དང་འབྲེལ་བ་ཡོད་པའི་ལས་བྱེད་ཀྱི་བཀའ་གནང་བ། རྒྱ་གར་གཞུང་བརྒྱུད་ནས་རྒྱལ་སྤྱིའི་སྒྲིག་འཛུགས་ནང་ལ་སྙན་སེང་ཞུས་ཏེ་བརྡ་ཐོ་བཏང་བ་སོགས་ཚང་མ་ཁུངས་ཐུབ་དང་། ཁྲིམས་མཐུན། བདེན་པ་ཆགས་ཡོད། ངས་སྐྱོན་འཛུགས་བྱེད་ཀྱི་མེད། དངོས་ཡོད་གང་བྱུང་བ་རྣམས་གསལ་པོ་ཞུ་གི་ཡོད།
ཕྱི་ལོ་ ༢༠༠༠ ཟླ་ ༩ ཚེས་ ༡༠ ཉིན་མོན་གྷོ་ས་གནས་སུ་གནས་ཚུལ་ཞིག་བྱུང་ཡོད་པ་ནི། དོལ་རྒྱལ་ཚོགས་པའི་ཚོགས་འདུ་ཞིག་མོན་གྷོ་ས་གནས་སུ་ཚོགས་རྒྱུ་ཡིན་པ་མི་མང་གིས་ཤེས་ནས་ཚོགས་འདུ་དེ་འདྲ་མ་འཚོགས་རོགས་ཞེས་ས་གནས་མི་མང་དགའ་ལྡན་ཤར་རྩེའི་རྡོ་ཁང་ཁང་ཚན་གྱི་སྒོ་འགྲམ་ལ་ཕྱིན་ནས་ཞུ་གཏུགས་བྱེད་སྐབས་ཁང་པའི་ཐོག་ཁ་ནས་རྡོ་དང་། ས་ཕག་བསགས་ཡོད་པ་དེ་དག་མང་ཚོགས་ལ་གཞུས་ཏེ་མི་མང་པོར་རྨས་སྐྱོན་བཏང་ཡོད་པས་སྨན་ཁང་ལ་འགྲོ་དགོས་པའི་གནས་ཚུལ་བྱུང་ཡོད། དེ་དག་ཚང་མ་བརྙན་པར་ལམ་ནས་མཐོང་རྒྱུ་ཡོད་པ་ཞིག་རེད།
དེའི་རྗེས་སུ་སེ་རར་གནས་ཚུལ་དེ་དང་འདྲ་བ་ཞིག་བྱུང་ཡོད་པ་ནི་སེ་ར་སྤོམ་པོ་རའི་ནང་ལ་དོལ་རྒྱལ་ཚོགས་པའི་ཚོགས་འདུ་འཚོགས་ཀྱི་ཡོད་སྐོར་མི་མང་གིས་ཤེས་ཏེ་མི་མང་ཞུ་གཏུགས་བྱེད་པར་འགྲོ་བའི་སྐབས་སུ་ལམ་བར་ནས་ཉེས་རྡུང་བཏང་ཡོད། ཧ་ལམ་སྐྱེ་དམན་སྦྲུམ་མ་དེ་འདྲ་ལ་ཡང་ཉེས་རྡུང་བཏང་འདུག དེ་དག་ཡིག་ཆའི་ཐོག་ལ་གསལ་གྱི་མེད། དེ་དང་འདྲ་བ་སེ་ར་སྨད་ཀྱི་དགེ་རྒན་ཞིག་གིས་དོལ་རྒྱལ་དང་འབྲེལ་བ་ཡོད་པའི་གནས་ཚུལ་གཅིག་སེ་རའི་སློབ་གྲྭའི་ནང་ལ་སློབ་འཁྲིད་གནང་བའི་སྐབས་སུ་དཔེ་མཚོན་དང་སྦྲགས་ནས་བཀའ་སློབ་གནང་བར་དོལ་ཚོགས་ཀྱི་དེ་འདོད་པར་མ་ཕྱིན་པར་བརྟེན་ཁོང་ལ་ཉེས་རྡུང་བཏང་ཡོད། དེ་དང་དེ་འདྲ་བའི་ལྡི་ལིར་ཡར་འགྲོ་མར་འགྲོ་བྱེད་མཁན་མོན་གྷོ་ས་གནས་རང་བདེན་ཚོགས་ཆུང་གི་རྒྱུན་རིང་པོ་ཕྱག་ལས་གནང་མཁན་བྱང་རྩེའི་དགེ་བཤེས་གཅིག་ལ་ཉེས་བརྡུངས་བཏང་བ་དང། སེ་ར་བྱེས་ཀྱི་ངོ་སྤྲོད་ལག་འཁྱེར་དང་། སློབ་ཡོན་འགན་འཁྱེར་མཁན་གཅིག་ལ་ཡང་ཉེས་བརྡུངས་ཚད་མེད་བཏང་བ་སོགས་ངས་བྱུང་རིམ་ཁག་ཞུ་གི་ཡོད་རེད།
དེའི་རྗེས་སུ་སྦེལ་ཀོབ་ལ་ཕྱི་ཟླ་ ༡༠ ཚེས་ ༡༩ ཉིན་བདེ་སྐྱིད་སླར་གསོའི་གཞིས་འགོའི་ལས་ཤག་གི་ཐོག་བརྟོལ་ནས་གཞིས་འགོར་ཉེས་རྡུང་བཏང་བས་མ་ཚད། ཁོ་རང་གི་བཟའ་ཟླ་ཡང་ཉེས་རྡུང་ཞེ་དྲག་བཏང་ཡོད། དེ་དག་ཚང་མ་ས་གནས་ཀྱི་བརྒྱུད་ལམ་ནང་ལ་ཡང་ཐོན་ཡོད་རེད་ལ། ས་གནས་ཀྱི་ཞིབ་འཇུག་ཚོགས་པས་གསལ་པོ་བྱས་ནས་བཤད་པའི་གནས་ཚུལ་རེད། དེ་དག་ངས་དྲན་གསོ་ཙམ་ཞིག་ཞུ་གི་ཡོད།
དེ་མིན་གྱི་གནས་ཚུལ་མང་པོ་ཏན་ཏན་བྱུང་ཡོད་ཀྱང་། དཔེ་མཚོན་ཆུང་ཆུང་ཞིག་ཞུས་པ་ཡིན་ན། དྷ་རམ་ས་ལར་མཚན་ཉིད་རྒན་ལགས་བཀྲོངས་པའི་རྗེས་སུ་སྦེལ་ཀོབ་ནས་ཡི་གེ་ཞིག་བསྐུར་འབྱོར་བྱུང་བའི་ནང་། ཁྱེད་རང་ཚོར་ལོ་གསར་ལ་ཤ་ཁོག་གསུམ་ཕུལ་ཡོད། ཞིམ་པོ་བྱུང་ངམ། ཡག་པོ་མ་བྱས་ན་ད་དུང་རག་གི་རེད། ད་དུང་ཤ་ཁོག་གཏོང་གི་ཡིན། ཞེས་༸སྐྱབས་མགོན་རིན་པོ་ཆེའི་མཚན་ཐོག་ལ་འབྱོར་བའི་སྡིགས་རའི་ཡི་གེ་རེད།
རྒྱ་གར་གཞུང་གིས་དོལ་རྒྱལ་གནས་ཚུལ་གྱི་ཐོག་ནས་༸སྐྱབས་མགོན་རིན་པོ་ཆེའི་སྐུ་ཕྱྭའི་ཐོག་ལ་ཉེན་ཁ་ཆེན་པོ་ཡོད་པ་མཁྱེན་གྱི་ཡོད་རེད། དེ་དང་འདྲ་བར་སྒྲིག་འཛུགས་ཀྱི་འགན་འཁྱེར་མཁན་བཀའ་བློན་བྱེ་བྲག་པའི་མིང་ཐོག་ལ་སྡིགས་རའི་ཡི་གེ་འབྱོར་བ་དང་། ཉེན་བརྡ་བཏང་བ། རྗེས་དེད་བཏང་བའི་གནས་ཚུལ་རིམ་པ་བྱུང་ཡོད།
དེ་དག་ཚང་མ་ཞུ་མི་དགོས་པའི་ཐོག་ནས་དོལ་རྒྱལ་རང་གི་རང་བཞིན་ངོ་བོ་འཚེ་བ་ཅན་ཞིག་ཡིན་པའི་ཆ་ནས་ལས་ཀ་བྱེད་སྟངས་ཀྱང་དེའི་ཐོག་ཕྱིན་ཡོད་པ་ནི་ང་ཚོ་ཚང་མས་མཐོང་བ་དང་། ཐོས་པ། ཤེས་པ་རྣམས་རེད། སྐབས་དེ་དུས་ནས་བོད་གཞུང་ལ་བསྙོན་འཛུགས་མང་པོ་ཞིག་བྱས་ཡོད་ལ་ད་ལྟ་ཡིན་ནའང་བྱེད་ཀྱི་ཡོད། གོང་དུ་བཀུར་འོས་སྤྱི་འཐུས་ཁ་ཤས་ཀྱིས་བཀའ་གནང་སོང་ལ། ཁ་ཤས་ཀྱིས་ས་གནས་ས་ཐོག་ལ་ཡོད་པའི་ཆ་ནས་གནད་དུ་སྨིན་པའི་གསལ་བཤད་ཀྱང་གནང་སོང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དབྱེ་འབྱེད་བྱེད་ཀྱི་འདུག་ཟེར་གྱི་ཡོད་རེད། དབྱེ་འབྱེད་ག་རེ་ཐོག་ལ་བྱས་ཡོད་དམ། ཆོས་དད་རང་དབང་མི་འདུག་ཅེས་བཤད་ཀྱི་ཡོད། ཆོས་དད་རེད་དམ། རང་དབང་དང་འབྲེལ་བ་ཆགས་ཀྱི་ཡོད་དམ། དོལ་རྒྱལ་སྟེན་མཁན་གྱི་ཕྲུ་གུ་ཡིན་ན་སློབ་གྲྭ་ནས་ཕྱིར་འབུད་བྱེད་ཀྱི་འདུག་ཟེར་བ་དང་། ལས་བྱེད་ནང་ནས་ཕྱིར་འབུད་བྱེད་ཀྱི་འདུག་ཟེར་བ། དོལ་རྒྱལ་སྟེན་མཁན་ཡིན་ན་འཕྲོད་བསྟེན་བལྟ་སྐྱོང་དྲང་པོ་མ་བྱས་པ་དང་། བལྟ་སྐྱོང་བྱེད་ཀྱི་མི་འདུག་ཟེར་བ་སོགས་བཤད་ཡོདལ། ཉེ་ལམ་ཕྱི་ལོ་ ༢༠༡༣ ལོ་མཇུག་ལ་མོན་གྷོ་ས་གནས་སུ་ཡོད་པའི་ཁྲི་བྱང་བླ་བྲང་ནང་གི་ཆོས་མཛད་ལགས་ལ་གནས་ཚུལ་གཅིག་བྱུང་འདུག དེ་ཡང་༸སྐྱབས་མགོན་རིན་པོ་ཆེ་དང་བོད་གཞུང་གིས་བཟོས་པ་རེད་ཅེས་ནུབ་ཕྱོགས་ཀྱི་ཤུགས་ལྡན་ཚོགས་པ་ཡིན་ཟེར་མཁན་ཚོས་དྲ་རྒྱའི་ནང་ལ་སྐྱོན་འཛུགས་བྱས་འདུག
དཔལ་ལྡན་ཚོགས་གཙོ་མཆོག ངས་བརྒྱུད་ལམ་འདིའི་ཐོག་གོ་སྐབས་བླངས་ནས་དུས་ཚོད་ཅུང་ཟད་འགོར་ནའང་དེའི་ཐོག་ལ་གཞུང་ཕྱོགས་ནས་ག་རེ་གནང་ཡོད་པ་གསལ་པོ་ཞུ་ན་བསམ་བྱུང་། ཆ་ཚང་བ་ཞུ་ཐུབ་ཀྱི་ཡོད་མེད་མི་ཤེས། སློབ་གྲྭ་ནས་ཕྱིར་འབུད་གཏོང་གི་འདུག་ཟེར་བའི་གནས་ཚུལ་དེ་ལ་གཞི་རྩ་རྩ་བ་ཉིད་ནས་མེད། ཕྱི་ལོ་ ༡༩༩༦ ནས་དོལ་རྒྱལ་གནས་ཚུལ་བྱུང་བའི་སྐབས་སུ། སྐབས་དེའི་ལྷ་མི་སྲུང་སྐྱོབ་ཚོགས་པའི་ཚོགས་གཙོ་འཇམ་དཔལ་ཡེ་ཤེས་ཀྱི་ཕྲུ་གུ་གཉིས་དྷ་ཤོད་བོད་ཁྱིམ་སློབ་གྲྭའི་ནང་ལ་སློབ་སྦྱོང་བྱེད་བཞིན་པ་རེད། སུ་གཅིག་གིས་རྒྱུགས་ཞེས་བརྗོད་མེད་ལ། ཕྱིར་འབུད་ཡང་བྱས་མེད། ལོ་གཉིས་ཀྱི་རྗེས་སུ་དོ་བདག་ཕ་མ་སླེབས་ནས་དགོངས་པ་ཞུས་ནས་འཁྲིད་ཕྱིན་པ་རེད། ཕ་མས་ཕྲུ་གུ་སློབ་གྲྭ་ནས་དགོངས་པ་ཞུས་པ་དེ་ནི་ཕ་མའི་རང་དབང་རེད། ཕྲུ་གུ་འགྲོ་མཁན་དེ་ནི་ཕྲུ་གུ་རང་ཡིན་པས་བསམ་བློའི་ནང་གང་ཡང་ཡོད་ཀྱི་མ་རེད། སྒྲིག་འཛུགས་ཀྱིས་གནོན་ཤུགས་སྤྲད་ནས་ཕྱིར་འབུད་བྱས་པ་གང་ཡང་མ་རེད། གཅིག་བྱས་ན་བོད་ཕྲུག་ཁྱིམ་སྡེ་དང་སློབ་གྲྭ་ཁ་ཤས་བོད་མིའི་སྒྲིག་འཛུགས་ཀྱི་ཐད་ཀའི་འཛིན་སྐྱོང་འོག་ལ་ཡོད་པར་སོང་ཁོ་རང་ཚོས་བཟོས་པ་རེད་ཅེས་བཀའ་གནང་མདོག་ཁ་པོ་རེད། བོད་ཕྲུག་ཁྱིམ་སྡེ་དང་། མ་སུ་རི་བོད་ཁྱིམ། རྒྱ་གར་གཞུང་ནས་འཛིན་སྐྱོང་གནང་བའི་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་ཁག་ཚང་མས་ཡིག་ཐོག་ནས་གསལ་པོ་བཟོས་ཡོད། དོལ་རྒྱལ་སྟེན་མཁན་གྱི་ཕྲུ་གུ་ང་ཚོའི་སློབ་གྲྭ་ནས་ད་ལྟ་བར་དུ་ཕྱིར་འབུད་བྱས་པ་གཅིག་ཀྱང་མེད་ཅེས་གསལ་པོ་བཟོས་ཡོད། དེ་དག་ཚང་མ་རྣམ་པ་ཚོས་གཟིགས་ཀྱི་ཡིན་ན་ཕྱི་དྲིལ་ལས་ཁུངས་དང་། ཆོས་རིག་ལས་ཁུངས་ནས་གནས་ཚུལ་བདེན་པའི་གསལ་བཤད་ཀྱི་དེབ་དེ་འདྲ་བཏོན་ཡོད་ཀྱང་དེང་སྐབས་གཅིག་བྱས་ན་དཀོན་པོ་ཆགས་ཡོད་ངེས་པས་ཐུགས་སྣང་བྱུང་མེད་ངེས། དེ་ཚོའི་ནང་ཡི་གེ་ཁྲ་ལེམ་མེར་གསལ་ཡོད་པས་ངེས་པར་དུ་གཟིགས་རོགས།
དེ་བཞིན་ཆོས་སྒར་ཁག་ལ་གཏོང་རྒྱུར་དབྱེ་འབྱེད་བྱེད་ཀྱི་འདུག་ཟེར་གྱི་ཡོད་ཀྱང་། དཔེ་མཚོན་གསལ་པོ་ཞུ་ན། ཕྱི་ལོ་ ༢༠༠༧ ལ་བོད་ནས་ཕྲུ་གུ་ལོ་གཞོན་བཅུ་དྲུག་དྷ་རམ་ས་ལར་འབྱོར་བ་རེད། ཕྲུ་གུ་དེ་ཚོ་ཚང་མས་ང་ཚོ་དོལ་རྒྱལ་སྟེན་མཁན་ཡིན། ང་ཚོས་དོལ་རྒྱལ་འཇོག་ཐུབ་ཀྱི་མེད། དགོན་པར་འགྲོ་དགོས་ཡོད། ཕ་མས་བཞག་ན་འགྲིག་གི་མ་རེད་ཅེས་བརྗོད་བྱུང་ཞེས་སྣེ་ལེན་ཁང་ལ་ཞུ་གཏུགས་བྱས་པ་རེད། དེ་ལ་ཐག་གཅོད་གང་འདྲ་བྱས་ཡོད་དམ་དགོངས་པ་ཡོང་སྲིད་ཀྱི་རེད་ལ། གཅིག་བྱས་ན་དོལ་རྒྱལ་ཚོགས་པས་རྒྱུ་མཚན་སྟོན་རྒྱུ་མེད་པར་བརྟེན་དེའི་སྐོར་དངོས་སུ་མིང་སྨྲོས་ནས་བརྗོད་ཐུབ་ཀྱི་མེད། ཡིན་ནའང་བོད་གཞུང་གིས་ཆོས་སྒར་ཁག་ནང་གཏོང་གི་མི་འདུག་ཅེས་ཤོད་ཀྱི་ཡོད། ཆོས་སྒར་ཁག་ལ་བཏང་ཐུབ་ཡོད་མ་རེད། བདེན་པ་རེད། བཏང་མ་ཐུབ་པའི་རྒྱུ་མཚན་ནི། ཕྱི་ལོ་ ༢༠༠༦ ལོར་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང། ཤར་བྱང་ཆོས་རྗེ་རྣམ་གཉིས་ཀྱིས་དབུས་གདན་ས་གྲྭ་ཚང་ཁག་གི་མཁན་པོ་ལས་སྣེ་དང་། སྐུ་ཚབ་བཅས་བསྡུས་པའི་དགེ་ལྡན་པའི་ལྷན་ཚོགས་ཐོག་གཏན་ལ་ཕབ་པའི་རི་བོ་དགེ་ལྡན་པའི་ཆོས་སྡེ་སྤྱི་ལ་ཁྱབ་པའི་བཅའ་ཡིག་ཆེན་མོའི་ལེའུ་བཞི་པ། བླང་དོར་སྒྲིག་གཞི་དོན་ཚན་བཅུ་གཉིས་པའི་ནང་གསེས་བདུན་པའི་ནང་ལ། གདན་སའི་ནང་ལ་འཛུལ་མཁན་ཡིན་ན་གསར་ཞུགས་པ་རྣམས་དོལ་རྒྱལ་སྟེན་གསོལ་འཚམས་འཇོག་དགོས་ཀྱི་ཡོད། དེ་ནི་དགེ་ལུགས་པས་གཏན་ལ་ཕབས་པའི་སྒྲིག་གཞི་དང་། ཡིག་ཆ་རེད། དགེ་ལུགས་པའི་ཡིག་ཆ་གཅིག་གི་ནང་ལ་དོལ་རྒྱལ་སྟེན་མཁན་འཇུག་གི་མིན་ཞེས་བཀོད་ཡོད་ན། དེ་ལ་བོད་གཞུང་ནས་བཀའ་བཏང་ནས་ཁོ་དོལ་རྒྱལ་སྟེན་མཁན་རེད། འཇུག་དགོས་ཀྱི་རེད་ཅེས་ནམ་ཡང་ཞུ་ཐུབ་ཀྱི་མ་རེད། སྒྲིག་འཛུགས་རེ་ལ་སྒྲིག་ཁྲིམས་རེ་ཡོད་པ་དང། ཆ་རྐྱེན་རེ་བཞག་གི་རེད། དེ་ལ་བརྩི་བཀུར་ཞུས་པ་རེད། ཆོས་བརྒྱུད་གཞན་དང་འབྲེལ་བ་ཡོད་མ་རེད་ལ། དེ་འདྲ་བཞག་པ་བྱུང་ཡོད་མ་རེད།
ད་ལྟ་བར་དུ་ཆོས་བརྒྱུད་དེ་ལ་འགྲོ་དུས་ཁྱོད་དོལ་རྒྱལ་བསྟེན་གྱི་ཡོད་དམ་ཞེས་སུ་གཅིག་ལ་སྐད་ཆ་དྲིས་པ་བྱུང་མེད། དབྱེ་འབྱེད་གང་ཡང་བྱས་ཡོད་མ་རེད། ཡིན་ནའང་བོད་གཞུང་གིས་དགོངས་པ་ཆེ་བཞེས་གནང་ནས་དགེ་ལུགས་པའི་དགོན་པའི་ནང་ལ་ཁྱེེད་རང་ཚོ་གཏོང་ཐུབ་ཀྱི་མི་འདུག བྱས་ཙང་ཁྱེད་རང་ཚོ་ཚང་མ་ལོ་གཞོན་རེད། སློབ་གྲྭ་ལ་འགྲོ་ན་ཡག་པོ་ཡོད་པ་དང་། གོ་སྐབས་ཡོད་པས་གཞུང་གིས་གཏོང་གི་ཡིན་ཞེས་བརྗོད་ནས་སློབ་གསོ་རྒྱབ་པ་རེད། ཉིན་གྲངས་མང་པོ་སྣེ་ལེན་ལ་བསྡད་རྗེས་ཁག་ཅིག་སུ་ཇར་ཕྱིན་པ་དང་། ཁ་ཤས་ཤེས་རབ་དགའ་ཚལ་གླིང་ལ་ཕྱིན་པ་རེད།
ཡིན་ནའང་བློ་ཕམ་པར་མི་དེ་ཚོའི་གྲས་རྒྱུན་རིང་པོ་བསྡད་མ་སོང་། མཐའ་མ་ཁོང་ཚོས་སྣེ་ལེན་ཁང་ལ་སྙན་ཞུ་གཅིག་ཕུལ་ཡོད་པ་དེའི་ནང་། ཁོ་ཚོ་གལ་སྲིད་ཆོས་སྒར་ཁག་གི་ནང་ལ་འགྲོ་ཐུབ་ཀྱི་མེད་པ་ཡིན་ན། ང་ཚོ་བོད་ལ་ཕྱིར་ལོག་བྱེད་ཀྱི་ཡིན། ལམ་གྲོན་གནང་རོགས་གནང་ཞེས་ཞུས་འདུག དེ་ཡང་འགྲིག་གི་རེད་ཅེས་བཀའ་གནང་བ་རེད། བོད་ནས་ཚུར་སླེབས་པ་དང་ཕར་ལོག་གི་ཡོད་ན་ད་ལྟ་བར་དུ་སྒྲིག་འཛུགས་ནས་སུ་གཅིག་ལ་དགག་པ་རྒྱབ་ཀྱི་མེད་པས་འགྲིག་གི་རེད། ལམ་གྲོན་ཞུ་གི་ཡིན་ན་གནང་གི་ཡིན་ཞེས་གསུངས་པ་རེད། ཕྱི་ལོ་ ༢༠༠༧ ཟླ་ ༢ ཚེས་ ༡༧ ཉིན་བཀའ་ཤག་གིས་བཀོད་ཁྱབ་གཅིག་གནང་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་དགེ་ལུགས་ཀྱི་དགོན་པ་ཁག་གི་ནང་ལ་དོལ་རྒྱལ་བསྟེན་མཁན་ཡིན་ན་འཇུག་དགོས་ཞེས་ངོ་སྦྱོར་གནང་རྒྱུ་མཚམས་འཇོག་བྱས་ཡོད་པས་དུས་དེ་ནས་བོད་གཞུང་གིས་དེ་རིགས་ལ་ངོ་སྦྱོར་གནང་མེད། དེ་བདེན་པ་རེད། དེ་ནི་སྒྲིག་འཛུགས་ཀྱིས་བལྟ་སྟངས་བྱས་ནས་བཤད་པ་མ་རེད། ངས་གོང་དུ་སྙན་སེང་ཞུས་པའི་གྲོས་ཆོད་དང་ཡིག་ཆ་དེའི་དགོངས་དོན་འོག་བཏང་ན་འགྲིག་གི་མ་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་གནས་ཚུལ་དེ་བྱུང་བ་རེད། སློབ་གྲྭ་དང་ཆོས་སྒར་ནང་ལ་དབྱེ་འབྱེད་བྱེད་ཀྱི་འདུག བཏང་གི་མི་འདུག ཕྱིར་འབུད་བྱེད་ཀྱི་འདུག་ཟེར་བ་དེ་དག་ལ་གཞི་རྩ་རྩ་བ་ཉིད་ནས་ཡོད་མ་རེད་ཅེས་ཞུ་རྒྱུ་ཡིན།
དེའི་ཐོག་ལ་གནས་ཚུལ་གཞན་གཅིག་ནི་དོལ་རྒྱལ་བསྟེན་མཁན་དང་། ནང་མི་བུ་ཕྲུག རྗེས་འབྲང་བ་ཚོར་གཞུང་ནས་ཕྱི་བསྐྱོད་ལག་འཁྱེར་ལ་རྒྱབ་གཉེར་སྤྲོད་ཀྱི་མི་འདུག་ཅེས་བརྗོད་ཀྱི་ཡོད། རྩ་བ་ཉིད་ནས་བདེན་པ་མ་རེད། ངས་མིང་གསལ་པོ་ཞུས་པ་ཡིན་ན། སྐབས་དེའི་ལྷ་མི་སྲུང་སྐྱོབ་ཚོགས་པའི་དྲུང་ཆེ་ཡིན་ཟེར་མཁན་གྲགས་པ་རྒྱལ་མཚན་ཞེས་མིང་འབོད་ཀྱི་ཡོད་རེད་ལ། དགེ་བཤེས་འཆི་མེད་ཚེ་རིང་ཞེས་ཀྱང་འབོད་ཀྱི་ཡོད། ཁོའི་ཕྱི་བསྐྱོད་ལག་དེབ་སེར་པོ་ (IC) དུས་ཚོད་རྫོགས་ནས་ཞུ་གཏུགས་བྱས་པར་རྒྱབ་གཉེར་གནང་བ་རེད་ལ། ཕྱི་བསྐྱོད་ལག་དེབ་སེར་པོ་ཐོབ་པ་རེད། ད་ལྟ་ཕྱི་རྒྱལ་ལ་ཡོད་རེད། དེ་དང་དེ་འདྲ་བ་ད་ལྟ་བྱང་ཨ་རིའི་ནང་ལ་ཡོད་པའི་དགེ་ལྡན་སྙན་རྒྱུད་ཀྱི་དམངས་ཁྲོད་ཁ་བརྡའི་ནང་ལ་བཤད་མཁན་གྱི་མི་དེ་ཚོ་ཨ་རི་ལ་གང་འདྲ་བྱས་ནས་སླེབས་པ་རེད་དམ། ལག་འཁྱེར་ག་རེའི་ཐོག་ནས་ཕྱིན་པ་རེད་དམ། ཁོ་རང་ཚོས། ང་ཚོར་སྐྱབས་བཅོལ་ཐོབ་བྱུང་། ཞེས་དང་། སྐྱབས་བཅོལ་དེ་ཡང་དོལ་རྒྱལ་གྱི་གནས་ཚུལ་བཤད་ནས་ཨ་རིར་སྐྱབས་བཅོལ་ཐོབ་བྱུང། ཞེས་བཤད་ཡོད། ལག་འཁྱེར་ཐོག་ནས་དབྱེ་འབྱེད་མེད་པ་གསལ་པོ་ཞེ་དྲག་རེད། ལྷག་པར་དུ་དཔེ་མཚོན་གཅིག་ཞུས་པ་ཡིན་ན་ལྷ་མི་སྲུང་སྐྱོབས་ཚོགས་པའི་ཚོགས་གཙོ་ཟུར་པ་འཇམ་དཔལ་ཡེ་ཤེས་ཀྱི་བཟའ་ཟླ་ལོ་ཁ་ཤས་ཀྱི་རྗེས་སུ་ཁོ་རང་མཉམ་དུ་ནང་མི་ཟླ་བསྒྲིལ་ཕྱིན་པ་རེད། IC བོད་གཞུང་ནས་རྒྱབ་གཉེར་བྱས་པ་རེད། སྤྲད་མཁན་རྒྱ་གར་གཞུང་རེད། དེ་ཚོའི་གྲས་གཞི་རྩ་མེད་པའི་ཐོག་ནས་སྐྱོན་འཛུགས་བྱས་པ་རེད། གཅིག་བྱས་ན་མང་པོ་བཤད་ཡོད་པ་དེ་དག་ལ་བོད་གཞུང་ངོས་ནས་ལན་རྒྱག་གི་མི་འདུག་བསམ་པ་དང་གསུངས་ཀྱི་ཡོད་ཀྱང་། ད་ལྟ་བར་དུ་དགོས་མཁོ་ཡོད་པ་དང་། གཞི་རྩ་མེད་པ་དེ་དག་ལ་དོ་སྣང་བྱེད་ཀྱི་ཡིན་ན་ལན་ཏག་ཏག་བརྒྱབ་ཡོད། དོ་སྣང་མེད་པ་ཡིན་ན་དཀྱིལ་ལ་ལྷགས་ཀྱི་རེད། བྱས་ཙང་དེ་རིང་ངས་གོ་སྐབས་ཞུ་དགོས་པའི་རྒྱུ་མཚན་གཙོ་བོ་ནི་བརྒྱུད་ལམ་འདི་དོ་སྣང་ཆེན་པོས་བལྟ་གི་ཡོད་པ་དང་། ལྷག་པར་དུ་དེ་རིང་གི་གྲོས་ཆོད་གྲོས་འཆར་འདིའི་ཐོག་ལ་མི་མང་པོ་ཞིག་གིས་དོ་སྣང་བྱེད་ཀྱི་ཡོད། ཁོ་རང་ཚོའི་ངོས་ནས་ད་ལྟ་མ་ཉལ་བར་བལྟ་གི་ཡོད་ཀྱི་རེད་བསམ་གྱི་འདུག བྱས་ཙང་ངས་དངོས་ཡོད་གནས་ཚུལ་བཤད་དགོས་པ་གལ་ཆེན་པོ་མཐོང་སོང་།
ཕྱོགས་མཚུངས་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་བལྟ་སྐྱོང་ཐོག་ལ་དབྱེ་འབྱེད་བྱེད་ཀྱི་འདུག མཐུན་འགྱུར་སྦྱར་གྱི་མི་འདུག་ཟེར་གྱི་ཡོད་རེེད། མི་དེ་འདྲ་བྱས་པ་དང་། གང་ཟག་དེ་དོལ་རྒྱལ་བསྟེན་གྱི་ཡོད་པའི་རྒྱུ་མཚན་གྱིས་འཕྲོད་བསྟེན་ལས་ཁུངས་ནསསྨན་བཅོས་ཐོབ་ཐང་སྤྲད་མི་འདུག་ཅེས་བསྟན་པ་ཡིན་ན་ཏན་ཏན་ང་ཚོས་ཞིབ་འཇུག་ཞུ་ཆོག་གི་རེད་བསམ་གྱི་འདུག ད་ལྟ་བར་དུ་དེ་འདྲ་གཅིག་ཀྱང་བྱུང་མེད། དེ་དང་ཕྱོགས་མཚུངས་ལས་བྱེད་ནས་ཕྱིར་འབུད་བཏང་སོང་ཟེར་གྱི་ཡོད། ལས་བྱེད་ནང་ནས་སུ་ཕྱིར་འབུད་བྱས་པ་མིང་གཅིག་ང་ཚོར་སྤྲད་པ་ཡིན་ན། ང་ཚོས་གང་འདྲ་བྱས་ནས་ཕྱིར་འབུད་བྱས་འདུག་བལྟ་ཆོག་གི་རེད།
ལས་བྱེད་ཕྱིར་འབུད་གཏོང་རྒྱུའི་དབང་ཆ་དེ་ནི་འཛིན་སྐྱོང་བཀའ་ཤག་གཅིག་པུར་ཡོད་པ་དེ་འདྲ་མ་རེད། བཅའ་ཁྲིམས་དགོངས་དོན་འོག་རང་དབང་ཅན་གྱི་སྡེ་ཚན་གཅིག་ཡོད་པ་དེར་སྒྲིག་དང་ཁྲིམས་ཡོད། ཆ་རྐྱེན་གཅིག་གི་འོག་ནས་ཕྱིར་འབུད་གཏོང་དགོས་ཀྱི་ཡོད་ལ། ལས་བྱེད་པ་གཅིག་གིས་ཉེས་འཛོལ་བྱས་ཡོད་ན་དེ་ལ་ཞིབ་འཇུག་ཚོགས་འདུ་ཚོགས་པའི་གྲུབ་དོན་ལ་གཞིགས་ནས་ཉེས་པ་དང་། ལག་བསྟར་གནང་གི་རེད། དོལ་རྒྱལ་བསྟེན་མཁན་རེད་ཅེས་ལས་བྱེད་སུ་ཕྱིར་འབུད་བྱས་ཡོད་དམ། ད་ལྟའི་ཆ་ལ་བཙན་བྱོལ་སྒྲིག་འཛུགས་ཀྱི་ལས་བྱེད་དྲུག་བརྒྱ་ཙམ་ཡོད་པ་སུ་གཅིག་ལ་དོ་ཕོག་བཏང་བའི་གནས་ཚུལ་བྱུང་མེད། ལས་བྱེད་ནང་ལ་དོལ་རྒྱལ་བསྟེན་མཁན་ཡོད་མ་རེད་ཅེས་གསལ་པོ་ཞུ་རྒྱུ་ཡིན། གལ་སྲིད་དེ་འདྲ་ཕྱིར་འབུད་གཏོང་དགོས་ཀྱི་ཡོད་ན། ལོ་ལྟར་ལས་བྱེད་གསར་པ་བསྡུ་ཡི་ཡོད་པས་ལས་བྱེད་གསར་བསྡུའི་ཆ་རྐྱེན་ནང་ལ་དོལ་རྒྱལ་བསྟེན་མཁན་ཡིན་ན་བོད་གཞུང་གི་ལས་བྱེད་ནང་འཛུལ་ཆོག་གི་མ་རེད་ཅེས་ཆ་རྐྱེན་འགོད་མ་འོས་པ་གང་ཡང་མཐོང་གི་མེད་ཀྱང་བཀོད་ཡོད་མ་རེད། བཀོད་དགོས་པའི་རྒྱུ་མཚན་གང་ཡང་མཐོང་གི་མི་འདུག བོད་མི་ཞིག་བོད་པའི་སྤྱི་ཚོགས་ཀྱི་སྒྲིག་འཛུགས་གཅིག་གི་ནང་ལ་ཡོང་གི་ཡོད་པ་ཡིན་ན་སྒོ་ཕྱེ་ནས་བཞག་ཡོད་པས་འཛུལ་ས་ཡོད་རེད། ལྷག་པར་དུ་དེ་ལས་སྡིངས་ཆ་གལ་ཆེ་བ་དང་གོ་སྐབས་ཡོད་ས་བོད་མི་མང་སྤྱི་འཐུས་ཀྱི་འོས་ཆོས་སྒྲིག་གཞིའི་ནང་ལ་དེ་འདྲ་ཡོད་དམ། སྤྱི་འཐུས་ཆགས་པར་དོལ་རྒྱལ་བསྟེན་མཁན་ཡིན་ན་ཆ་རྐྱེན་མ་ཚང་བའི་གནས་སྟངས་ཡོད་དམ། ཡོད་མ་རེད་བསམ་གྱི་འདུག ཁྲིམས་བཟོ་མཁན་སྡིངས་ཆ་འདི་རེད། བཟོ་མ་ཤེས་པ་གང་ཡང་མ་རེད། སྒེར་ངོས་ནས་བསམ་ཚུལ་དེ་འདྲ་ཡོང་གི་ཡོད་ཀྱང་ད་ལྟ་བར་དུ་སྒྲིག་འཛུགས་ཀྱི་ངོས་ནས་ཆ་རྐྱེན་གང་ཡང་བཏོན་ཡོད་མ་རེད། སྤྱི་འཐུས་ནང་བཞེངས་མཁན་བོད་པ་གཅིག་ཡིན་ན། ཆ་རྐྱེན་ཚང་བ་ཡིན་ན་སྤྱི་འཐུས་ཞབས་སྟེགས་ཐོག་ལ་ཕེབས་ཆོག་གི་རེད། སུ་གཅིག་གིས་འགོག་མཁན་ཡོད་མ་རེད། རྒྱབ་སྐྱོར་ཡོད་པའི་ཐོག་ནས་འོས་ཐོབ་ཀྱི་ཡོད་ན་ཕེབས་དགོས་ཀྱི་རེད་བསམ་གྱི་ཡོད། སྡིངས་ཆ་འདིའི་སྒང་ལ་ཕེབས་ནས་སྐད་ཆ་བཤད་དགོས་ཀྱི་རེེད་བསམ་གྱི་ཡོད། བྱས་ཙང་ད་ལྟ་བར་དུ་གཞུང་ཕྱོགས་ངོས་ནས་དབྱེ་འབྱེད་དང་། མ་དྲང་བ་བྱས་པའི་གནས་སྟངས་མེད་ཅེས་ཞུ་རྒྱུ་ཡིན།
དེ་བཞིན་ས་ཁང་དང་། གཞིས་ཆགས་དེ་ཚོའི་ཐོག་ལ་དབྱེ་འབྱེད་ཡོད་པ་དང་། ཐོབ་ཐང་སྤྲད་ཀྱི་མེད་པའི་གནས་སྟངས་བཤད་ཀྱི་ཡོད། གོང་དུ་བཀུར་འོས་སྤྱི་འཐུས་ཁ་ཤས་ཀྱིས་ས་གནས་ས་ཐོག་གི་གནས་བབ་གསལ་པོ་མཁྱེན་པའི་ཐོག་ནས་ཞེ་དྲག་གསལ་པོ་བཀའ་གནང་སོང་། ཕྱི་ལོ་ ༢༠༠༨ ལོར་དགེ་ལུགས་ཀྱི་གདན་ས་ཁག་གི་ནང་ལ་ཚུལ་ཤིང་༼དོགས་བཅོས།༽སྒྲིམ་པའི་ལས་རིམ་གཅིག་བྱུང་བ་རེད། འདུལ་བ་དང་མཐུན་པ་དང་། ཆོས་ཀྱི་དགོངས་པ་དང་མཐུན་པའི་ཐོག་ནས་ཁ་དང་ཁ་སྤུ་དབྱེ་འབྱེད་བྱས་པ་རེད། སུ་གཅིག་གིས་ཕྱིར་འབུད་བྱས་པའི་གནས་ཚུལ་བྱུང་མེད། སོ་སོས་ང་སྒྲིག་འཛུགས་འདིའི་ནང་བསྡད་ཀྱི་མིན། དེའི་ནང་བསྡད་ཀྱི་ཡིན་ཞེས་གདམ་ཀ་བྱས་པ་རེད། གོང་དུ་བཀའ་གནང་སོང་། བདེན་པ་རེད་དྲན་གྱི་འདུག མི་ཉུང་བ་ལ་ཐོབ་ཐང་ཆེ་བ་བླངས་ནས་བསྡད་ཡོད་རེད། ད་ལྟ་མོན་གྷོར་ཤར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཟེར་བ་གཅིག་དང་། སྦེལ་ཀོབ་ལ་སེ་ར་སྤོམ་ར་ཁང་ཚན་ཟེར་བ་གཅིག་ཡོད། རྒྱ་གར་གཞུང་གིས་༸སྐྱབས་མགོན་རིན་པོ་ཆེའི་ཞལ་ལ་གཟིགས་ནས་བོད་མི་བཙན་བྱོལ་བར་ས་ཁང་གནང་བ་དེ་ལོངས་སུ་སྤྱད་ནས་བསྡད་ཡོད། ས་ཆ་འདིའི་སྒང་ནས་རྒྱུགས་ཞེས་ད་ལྟ་བར་དུ་སྒྲིག་འཛུགས་ངོས་ནས་སུ་གཅིག་ལ་ཡང་བཤད་མྱོང་མེད། སོ་སོ་འགྲོ་མཁན་ཡོད་པ་ཡིན་ན། དང་དུ་བླང་ནས་འགྲོ་མཁན་ཡིན་པས་སོ་སོའི་རང་དབང་རེད། དེ་ལ་དགའ་བསུ་ཞུ་རྒྱུ་ལས་སུ་གཅིག་གིས་བཀག་འགོག་བྱེད་ཐུབ་ཀྱི་མ་རེད། དེ་ཚོའི་ཐོག་ལ་ན་ནིང་ནང་སྲིད་ལས་ཁུངས་ཀྱི་ལས་རིམ་དང་འབྲེལ་བའི་ཐོག་ནས་བོད་མིའི་ས་གནས་འགོ་འཛིན། བདེ་དོན་ཚང་མ་འཛོམས་པ་རེད། དེ་ཚོའི་ཐོག་ལ་བཀོད་ཁྱབ་གསལ་པོ་བྱས་ནས་གནང་ཡོད་རེད། སྤྱི་འདྲ་སྤྱི་མཚུངས་ཀྱིས་ཐོབ་ཐང་ཞུ་མཁན་ཡོད་ན་དེ་ལ་གནང་དགོས་ཀྱི་རེད་ཅེས་གསུངས་ཡོད་རེད་ལ་ད་ལྟ་བར་དུ་བཀོད་ཁྱབ་ཡང་དེ་ལྟར་རེད། དེའི་ཐོག་ལ་དབྱེ་འབྱེད་ཡོད་པ་རྩ་བ་ཉིད་ནས་མཐོང་གི་མེད་ཅེས་ཞུ་རྒྱུ་ཡིན།
ཉེ་ཆར་ངས་གོང་དུ་ཞུས་པའི་ནུབ་ཕྱོགས་ཤུགས་ལྡན་ཚོགས་པ་ཞེས་པའི་དྲ་རྒྱའི་ཐོག་ལ་ཉེ་ཆར་མོན་གྷོར་ཁྲི་བྱང་བླ་བྲང་གི་ཆོས་མཛད་ལགས་སུ་ཉེས་བརྡུང་བཏང་སྐོར་གྱི་གནས་ཚུལ་པར་དང་བཅས་པ་བཏོན་ནས་དེ་ནི་༸སྐྱབས་མགོན་རིན་པོ་ཆེ་དང་། བོད་གཞུང་གི་སྒྲིག་འཛུགས་ནས་བཟོས་པ་རེད་ཅེས་བརྗོད་འདུག དེ་དངོས་གནས་ཡིན་ན་ང་རང་ཚོ་ཚང་མ་རྒྱ་གར་རང་དབང་ལུང་པ་དང་། ཁྲིམས་ཡོད་པའི་ལུང་པའི་ནང་བསྡད་ཡོད། ས་གནས་ཀྱི་འགྲོ་ལུགས་ཀྱི་ཁྲིམས་ལ་སྙན་སེང་ཞུ་དགོས་ཀྱི་ཡོད་རེད། ས་གནས་ཀྱི་སྐོར་སྲུང་བ་དང། ཁྲིམས་ཀྱི་ལས་ཀ་བྱེད་མཁན་སུ་ལ་ཡང་སྙན་སེང་ཞུས་མེད། ཡིན་ནའང་ས་གནས་འགོ་འཛིན་གྱི་ཁྱབ་ཁོངས་ལ་ཡོད་པའི་མི་གཅིག་ལ་གནས་ཚུལ་བྱུང་བ་ཡིན་དུས་མོན་གྷོ་ས་གནས་འགོ་འཛིན་གྱིས་སྐོར་སྲུང་བ་ Police ལ་གནས་ཚུལ་དེ་འདྲ་ཞིག་གོ་རྒྱུ་འདུག་ལ། དེ་འདྲ་ཞིག་བྱུང་འདུག དྲ་རྒྱའི་ནང་ཐོན་འདུག དེ་ངེས་པར་དུ་ཞིབ་འཇུག་མཐིལ་ཕྱིན་པ་གནང་རོགས་ཞེས་ཞུས་ཡོད། མཐའ་མ་ས་གནས་ Police གཞིས་འགོ་དང་། སྤྱི་མི། ཤར་དགའ་ལྡན་གྱི་མི་དེ་ཚོ་ཡང་བསྐོང་བ་རེད། ཆོས་མཛད་ལགས་ཁོ་རང་ཡང་ཕེབས་རོགས་ཞེས་ཞུས་ཡོད་ཀྱང་བགྲེས་སོང་ཡིན། བཅར་མི་དགོས་པ་ཞེས་ཞུས་འདུག ཤར་དགའ་ལྡན་གྱི་མི་དེ་ཚོས་ག་རེ་བཤད་ཡོད་རེད་དམ་ཟེར་ན། དེའི་ཐོག་ལ་ང་ཚོས་གང་ཡང་ཞུ་གི་མིན། ཞུ་འདོད་མི་འདུག བདེ་འཇགས་ཀྱི་གནས་བབ་ཐོག་ནས་ཞེས་སྐད་ཆ་སྙན་པོ་ཞིག་བཤད་ནས་ཡིག་ཐོག་ནས་ཞིབ་འཇུག་མི་དགོས་པ་ཞེས་ཞུས་ཡོད་འདུག Police ལ་ཡིག་ཐོག་ལ་ཕུལ་འདུག ངས་དེ་ཚོ་ཚང་མ་མཁྱེན་པ་གནང་དགོས་པའི་གནས་ཚུལ་ཤ་སྟག་རེད་བསམ་གྱི་ཡོད། དེ་འདྲ་བོད་གཞུང་སྒྲིག་འཛུགས་ཀྱིས་མི་བཏང་ནས་ཉེས་བརྡུང་བཏང་ཡོད་ན། ངེས་པར་དུ་ས་གནས་ Police ལ་ཞུ་དགོས་པ་རེད། ཞུ་མི་ཕོད་པ་ག་རེ་བྱས་པ་རེད་དམ། དེའི་རྒྱབ་ལྗོངས་ལ་ག་རེ་ཡོད་དམ། དེ་ལ་སྒྲོ་མང་པོ་ཡོད་རེད། བྱས་ཙང་དེ་ཚོའི་སྐོར་ཚང་མས་མཁྱེན་པ་དགོས་པ་གལ་ཆེན་པོ་ཞེ་དྲག་འདུག གཞུང་ཕྱོགས་ནས་ག་རེ་གནང་བ་དེ་ངས་དེ་རིང་གསལ་པོ་བྱས་ནས་གང་དྲན་པ་ཞུས་པ་ཡིན།
དེའི་ཐོག་ནས་ལོ་གཞོན་པ་མང་པོ་ཞིག་ལ་དངོས་གནས་ལོག་རྟོགས་དང། འགྲེལ་བཤད་གསལ་པོ་བྱུང་མེད་པ་ཡིན་ན་དེ་རིང་བརྒྱུད་ལམ་འདིའི་ཐོག་ནས་ཚང་མས་ཐུགས་སྣང་གནང་རོགས་ཞེས་ཞུ་དགོས་པའི་གནས་ཚུལ་རེད་བསམ་གྱི་འདུག བར་ལམ་ཕྱི་ལོ་ ༡༩༩༠ གོ་གྲངས་དང་། ༢༠༠༠ ཡས་མས་བར་དུ་གོང་དུ་ཞུས་པའི་གནས་ཚུལ་དེ་དག་རེད། མི་ལ་སྡིགས་ར་བསྐུལ་ན་ཨེ་དྲགས། ཉེས་བརྡུང་བཏང་ན་ཨེ་དྲགས། བསད་པ་རེད། དེ་འདྲའི་འཇིགས་སྐུལ་རིང་ལུགས་པའི་དྲག་སྤྱོད་ཀྱི་ལས་ཀ་དེ་འདྲ་བྱས་པ་རེད། བར་ལམ་ནས་ལས་ཀ་བྱེད་སྟངས་ཐད་ཏན་ཏན་འགྱུར་བ་ཕྱིན་ཡོད། ཐབས་མཁས་པོའི་ཐོག་ནས་བྱེད་ཀྱི་འདུག དེ་ལྟར་བྱེད་ནའང་རྒྱ་གར་ཁྲིམས་ཀྱི་ལུང་པ་ཞིག་ཡིན་པའི་ཆ་ནས་གནས་ཐུབ་པ་དང་། བསྡད་ཐུབ་ཀྱི་ཡོད་པ་གཅིག་མཐོང་གི་ཡོད་མ་རེད། བར་ལམ་སྤྱི་ཚོགས་ཀྱི་དྲ་རྒྱ་དང་བརྒྱུད་ལམ་བེད་སྤྱོད་ལོག་པར་བཏང་ནས་དེབ་ག་ཚོད་འབྱོར་གྱི་འདུག་གམ། གོང་དུ་བཀའ་གནང་སོང་། དངོས་ཡོད་གནས་ཚུལ་རེད། བརྒྱུད་ལམ་ཁག་གི་ནང་ག་རེ་བཤད་ཀྱི་འདུག་གམ། ཕྱོགས་གཅིག་ནས་འཁྱོག་བཤད་དང། ལོག་བཤད་བརྒྱབ་ནས་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་དེ་ཡང་སྲིད་རྫུན་མ་རེད། ཏཱ་ལའི་བླ་མ་རྫུན་མ་རེད་ཅེས་ False Dalai Lama ཞེས་པའི་དེབ་བཏོན་ཡོད།
༸རྒྱལ་བ་རིན་པོ་ཆེས་ཁ་སྔོན་རྒྱ་གར་ལྷོ་ཕྱོགས་ལ་བཀའ་དེ་འདྲ་གནང་འདུག རྒྱ་གར་གཞུང་དང་ཨ་རི་གཞུང་ནས་༸རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭའི་ཐོག་ལ་དོལ་རྒྱལ་ཚོགས་པས་ཉེན་ཁ་ཡོད་པའི་སྐོར་སྙན་སེང་ཞུ་མཁན་བྱུང་སོང་ཞེས་བཀའ་གནང་འདུག རྫུན་མ་རེད། ང་ཚོས་རྩ་བ་ཉིད་ནས་ཉེན་ཁ་བྱེད་ཀྱི་མེད། ༸རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭའི་ཐོག་ལ་ཉེན་ཁ་བཟོ་མཁན་ང་ཚོ་མིན། རྒྱ་གར་གཞུང་གིས་དེ་བས་ཀྱང་གསུང་གི་མ་རེད། ཨ་རི་ལ་ངས་ཤེས་ཀྱི་རེད། དེ་ལྟར་ཡིན་ན་ཨ་རིར་ཡོད་པ༷འི་དོལ་རྒྱལ་བསྟེན་མཁན་མང་པོར་སྐྱབས་བཅོལ་ཐོབ་ཡོད་པ་དེ་དག་གང་འདྲ་བྱས་ནས་ཐོབ་པ་རེད་དམ། ཅེས་དེ་འདྲའི་གནས་ཚུལ་བཤད་པ་མ་ཟད། ཁུངས་སྐྱེལ་རྒྱུ་དང་། མི་ཚང་མས་ཡིད་ཆེས་སླེབས་རྒྱུའི་ཆེད་དུ་འཁྱོག་བཤད་བྱས་ནས། ཕོ་བྲང་ལ་ཉེ་ཆར་ལྕགས་རི་གཅིག་བརྒྱབ་སོང་། དེ་ནི་དོལ་རྒྱལ་དང་འབྲེལ་བ་ཡོད་པའི་ཐོག་ནས་བརྒྱབ་པ་མ་རེད། དེ་ནི་ཕྱི་ལོ་ ༢༠༡༣ ལོར་རྡོ་རྗེ་གདན་ལ་འབར་རྫས་འགས་པ་དེ་ལ་བརྟེན་ནས་བརྒྱབ་པ་རེད་ཅེས་བཤད་ཀྱི་འདུག རྣམ་པ་ཚོ་ཚང་མས་མཁྱེན་གྱི་རེད། བཞུགས་སྒར་ཕོ་བྲང་དེ་གང་འདྲ་ཞིག་ཡོད་རེད་དམ། ཕྱི་ལོ་ ༡༩༦༠ ནས་ ༡༩༦༧ བར་དུ་ཕོ་བྲང་རྙིང་པའི་ནང་ལ་བཞུགས་པ་རེད། ད་ལྟ་ལྕགས་རི་དེ་དག་མཐོང་རྒྱུ་ཡོད་པ་དེ་རྙིང་པ་ཆགས་ཡོད་རེད། མར་དགའ་ལྡན་ཕོ་བྲང་ལ་སྤོས་པའི་རྗེས་སུ་རྒྱ་གར་གཞུང་ནས་སྲུང་སྐྱོབ་གང་འདྲ་ཕུལ་ཡོད་རེད་དམ། ཕྱི་ལོ་ ༡༩༩༧ ལོར་མཚན་ཉིད་རྒན་ལགས་བཀྲོངས་པའི་རྗེས་སུ་རྒྱ་གར་གཞུང་གིས་ཞིབ་འཇུག་གནང་བ་རེད། ༸རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭའི་ཆེད་དུ་རྒྱ་གར་གཞུང་གིས་ Recommendation ནི་རྩིག་པ་མཐོ་ཚད་ Feet དྲུག་དང་། དེའི་སྒང་ལ་ལྕགས་དྲ་ Feet བཞི་བརྒྱབ་ནས་མཐོ་ཚད་ Feet བཅུ་དང་བཅུ་གཉིས་དགོས་ཀྱི་འདུག་ཅེས་སྲུང་སྐྱོབ་ཀྱི་ཕྱག་ལས་གནང་མཁན་ཚོས་གསུངས་ཡོད།
དེ་ཡང་དོལ་རྒྱལ་གྱི་གནས་ཚུལ་དེ་བྱུང་བ་ལ་བརྟེན་ནས་ཞིབ་འཇུག་གནང་བ་དང་། ལྕགས་རི་བརྒྱབ་པ་རེད། མཐའ་མ་རྩིག་པ་དེ་ཙམ་མཐོ་པོ་དེ་ནི་གཅིག་ནས་ཕྱག་གྲོན་ཆེན་པོ་རེད་ལ། གཉིས་ནས་༸སྐྱབས་མགོན་རིན་པོ་ཆེའི་དུས་རྒྱུན་གྱི་དགོངས་པའི་ཐུགས་གཤིས་དང་། དགོངས་པའི་ནང་ལ་མེད་པ་ཡིན་དུས། ང་ཚོས་སྐུ་མཁྱེན་ཞེས་ཞུ་བ་འཐེན་ནས་རྩིག་པ་དེ་ཙམ་མཐོ་པོ་མ་རྒྱབ་ན་འགྲིག་པ་འདུག རྩིག་པ་ཕི་ཊི་ Feet བཞི་བརྒྱབ་ནས་དེའི་ཐོག་ལྕགས་དྲ་བཟོས་ན་འགྲིག་པ་འདུག་ཅེས་ཞུ་དགོས་པའི་གནས་ཚུལ་བྱུང་བ་རེད། མཐའ་མ་ཞིབ་འཇུག་བྱེད་མཁན་གྱི་ཚན་པ་དང་། སྲུང་སྐྱོབ་ཀྱི་འགན་ཡོད་མཁན་ཚོས་འགན་འཁུར་མི་ཐུབ་པར་བརྟེན་དབུས་ཀྱི་ནང་སྲིད་ལས་ཁུངས་བར་དུ་བཀའ་འཁྲོལ་ཞུ་དགོས་བྱུང་ཡོད། དེ་ནི་ཕྱི་ལོ་ ༡༩༩༧ ལོར་བརྒྱབ་པའི་ལྕགས་དྲ་དེ་རེད། རྣམ་པ་ཚང་མ་ཉེ་ཆར་གཙུག་ལག་ཁང་དུ་ཕེབས་ཡོད་པས་ཐུགས་སྣང་བྱུང་ཡོད་ངེས་རེད། ཕྱི་ལོ་ ༢༠༡༣ ནང་ལྕགས་དྲ་དེའི་སྒང་ལ་ཟེ་མ་ར་མགོ་ (Barb Wire) བསྐོར་བ་རེད། ང་རང་ཚོའི་སྒྲིག་འཛུགས་ངོས་ནས་བསྐོར་བ་ལས་རྒྱ་གར་གཞུང་ལ་གང་ཡང་ཞུས་ཡོད་མ་རེད། ཆུང་ཚག་ང་རང་ཚོས་ཐུབ་པ་དེ་ཚོའི་གྲས་ང་རང་ཚོས་བྱེད་ཀྱི་ཡོད། དེ་རེད་མ་གཏོགས་དོལ་རྒྱལ་ཚོགས་པས་དམངས་ཁྲོད་ཁ་བརྡའི་ནང་ལ་ཞེ་དྲག་ཤེས་ཀྱི་ཡོད་མདོག་མདོག་གིས་བཤད་པ་དེ་དག་གཞི་རྩ་མེད་པའི་གནས་ཚུལ་རེད། ངས་གསལ་པོ་བྱས་ནས་ཞུ་འདོད་བྱུང་། ལྷག་པར་དུ་༸རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་དང་འབྲེལ་བ་ཡོད་པའི་ཐོག་ནས་གསུང་གི་ཡོད་དུས་གསལ་པོ་མ་བྱུང་བ་ཡིན་ན་ཁྱོན་ནས་ཡག་པོ་ཡོད་མ་རེད། རྒྱ་གར་གཞུང་དང་། སྤྱིར་བཏང་རྒྱལ་ཁབ་ཚང་མས་གལ་ཆེའི་མི་སྣ་སུ་འདྲ་ཞིག་ཡིན་རུང་སྲུང་སྐྱོབ་ཆ་ནས་ཉེན་ཁ་ག་རེ་ཡོད་མེད་དུས་ནས་དུས་སུ་བསྐྱར་ཞིབ་བྱེད་ཀྱི་ཡོད་རེད། གཟིགས་ཀྱི་རེད། རྒྱ་གར་གཞུང་གིས་༸སྐྱབས་མགོན་རིན་པོ་ཆེའི་སྐུ་ཕྱྭའི་ཐོག་ལ་ཉེན་ཁ་ཆེ་ཤོས་དེ་དོལ་རྒྱལ་ཚོགས་པའི་ཐོག་ནས་འདུག་ཅེས་ཡིག་ཐོག་ནས་བཀའ་གནང་བ་རེད། རྒྱ་གར་ནང་ས་ཁུལ་ག་པར་ཆིབས་སྒྱུར་བསྐྱང་ནའང་རྒྱ་གར་གཞུང་གི་བརྡ་ཐོའམ། ཡིག་ཆའི་ནང་གསལ་པོ་ཡོད་པ་རེད། ༸སྐྱབས་མགོན་རིན་པོ་ཆེ་རྒྱ་གར་ནང་བཞུགས་གདན་འཇགས་ཀྱི་ཡོད་པའི་ཆ་ནས་དང། རྩ་བའི་༸སྐྱབས་མགོན་རིན་པོ་ཆེ་ཕྱི་རྒྱལ་ཡུལ་གྲུ་ག་པར་ཆིབས་སྒྱུར་བསྐྱང་ནའང་རྒྱལ་ཁབ་སོ་སོས་སྐུ་ཕྱྭའི་ཐོག་ཐུགས་འགན་བཞེས་ཀྱི་ཡོད་རེད། ཡིན་ནའང་རྒྱ་གར་ནང་ལ་བཞུགས་གདན་འཇགས་ཀྱི་ཡོད་པའི་ཆ་ནས་རྒྱ་གར་གཞུང་ནས་སྲུང་སྐྱོབ་ག་རེ་ཕུལ་གྱི་ཡོད་པ་དང་། གང་འདྲ་གནང་གི་ཡོད་པ། ཉེན་ཁ་གང་ནས་ཡོང་གི་ཡོད་པ་སོགས་གོ་བསྡུར་གནང་གི་ཡོད། ཕྱོགས་མཚུངས་ཨ་རི་གཞུང་ནས་ཀྱང་༸རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭའི་ཐོག་ལ་དོལ་རྒྱལ་ཚོགས་པ་ནས་ཉེན་ཁ་ཡོད་པ་གསལ་པོ་བཟོས་ཡོད།
དེ་ཡིན་པའི་རྒྱུ་མཚན་ནི་དོ་བདག་བཤད་མཁན་ཁོ་པ་ད་ལོ་མི་ནི་སོ་ཀྲ་ (Minnesota) དགུང་གསར་ཚེས་གཅིག་གི་མཛད་སྒོའི་སྐབས་སུ་ས་གནས་དེ་ནས་མི་ནི་སོ་ཀྲ་ (Minnesota) ལ་ཕྱིན་ཡོད། གསལ་པོ་ཞུས་ན་ང་ཚོས་ཤེས་ཡོད་མ་རེད། ཨ་རིའི་གསང་བའི་ལས་བྱེད་ཀྱིས་མི་དེ་འདྲ་ཞིག་ས་གནས་དེ་ལ་སླེབས་ནས་༸སྐྱབས་མགོན་རིན་པོ་ཆེ་བཞུགས་གདན་འཇགས་སའི་མགྲོན་ཁང་གི་འོག་ལ་སྣུམ་འཁོར་བཞག་སའི་གནས་བབ་རྩད་གཅོད་བྱས་པ་ཤེས་ཀྱི་འདུག ག་རེ་བྱས་ནས་ཤེས་ཀྱི་ཡོད་རེད་དམ་ཟེར་ན། དོ་སྣང་བྱེད་ཀྱི་ཡོད་རེད། ཉེན་ཁ་ཡོད་པ་དེ་གཟིགས་ཀྱི་ཡོད་རེད། དེ་འདྲ་སོང་ཙང་ཁོང་ཚོས་༸སྐྱབས་མགོན་རིན་པོ་ཆེའི་སྐུ་ཕྱྭའི་ཐོག་ལ་ཉེན་ཁ་མེད་ཅེས་པའི་འཁྱོག་བཤད་མགོ་བསྐོར་གཏོང་བའི་སྐད་ཆ་དེ་ནི་བདེན་པ་མ་རེད། ཨ་རིའི་གཞུང་ནས་ཡོད་རེད་གསུངས་པ་མ་ཟད་ཆ་ཚང་མཁྱེན་གྱི་ཡོད་རེད་ཅེས་ཞུ་འདོད་བྱུང་།
དེ་དང་འབྲེལ་བའི་ཆོས་དད་རང་དབང་སྐོར་ལ་རེད། གཅིག་བསྡུས་དབང་འཛིན་བྱེད་ཀྱི་འདུག ཞལ་རྫུན་གསུངས་ཀྱི་འདུག དེ་འདྲ་མང་པོ་ཁོ་ཚོས་བཤད་ཀྱི་ཡོད་རེད་ཀྱང་ཚང་མར་ངས་འགྲེལ་བཤད་ཞུ་དགོས་པ་གང་ཡང་མི་འདུག ཆོས་དད་རང་དབང་དང་འབྲེལ་བ་མེད་པ་གོང་དུ་བཀུར་འོས་སྤྱི་འཐུས་ཚོས་གསལ་པོ་ཞེ་དྲག་བཀའ་གནང་སོང་། དངོས་ཡོད་གནས་ཚུལ་དེ་རང་རེད། ཡིན་ནའང་གསལ་པོ་བཟོ་དགོས་པ་གཅིག་ལ་ཐོག་མར་ ༡༩༩༦།༡༩༩༧།༢༠༠༠ ཙམ་ལ་༸སྐྱབས་མགོན་རིན་པོ་ཆེས་དབང་གནང་སར་དོལ་རྒྱལ་བསྟེན་མཁན་ཡིན་ན་མ་ཡོང་ཞེས་བཀའ་གནང་བ་རེད། བདེན་པ་རེད། བླ་མ་དང་སློབ་མའི་དམ་ཚིག་སྲུང་དགོས་པའི་ཆ་ནས་བདེན་པ་རེད། ཕྱིས་སུ་དོལ་རྒྱལ་ཚོགས་པའི་བྱེད་སྟངས་དང་། ༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ལ་ཉན་འཇོག་གང་འདྲ་ཡོད་པ་ང་ཚོ་ཚང་མས་གཟིགས་པ་དེ་རེད། ད་ཆ་དོལ་རྒྱལ་བསྟེན་མཁན་ཡིན་ན་༸རྒྱལ་བ་རིན་པོ་ཆེའི་གསུང་ཆོས་ལ་མ་ཡོང་རོགས་གསུང་གི་ཡོད། སྒྲིག་འཛུགས་ངོས་ནས་དེ་རང་གསལ་བསྒྲགས་བྱེད་ཀྱི་ཡོད། དེ་མ་གཏོགས་དབང་ལ་བཅར་མི་ཆོག་པ་དང། གསུང་ཆོས་ལ་བཅར་ཆོག་པའི་གནས་སྟངས་དེ་འདྲ་མ་རེད། གསལ་པོ་ཞུ་དགོས་པ་ནི་གསུང་ཆོས་ལ་ཡང་བཅར་ན་འགྲིག་གི་མི་འདུག་ཅེས་ཞུ་རྒྱུ་ཡིན། དེ་ནི་ཐོབ་ཐང་ཡོད་པ་ཞིག་རེད་བསམ་གྱི་འདུག ང་རང་མི་སྒེར་གཅིག་གི་གནས་བབ་ཐོག་ནས་མི་གཞན་གཅིག་གདན་འདྲེན་ཞུ་གི་ཡོད་ན། སྐུ་མགྲོན་སུ་གདན་འདྲེན་ཞུ་དགོས་མིན་ང་རང་གི་རང་དབང་རེད་མ་གཏོགས། འདི་གདན་འདྲེན་ཞུ་དགོས་པ་དང་། དེ་གདན་འདྲེན་ཞུ་མི་དགོས་པ་རེད་ཅེས་གཞན་གྱིས་བརྗོད་ཐུབ་ཀྱི་མ་རེད། ཉེ་ལམ་༸སྐྱབས་མགོན་རིན་པོ་ཆེའི་ཆོས་འབྲེལ་གནང་ས་ཚར་མར་གནས་སྟངས་གསལ་པོ་ཆགས་ཡོད།
གོང་དུ་ངས་དོལ་རྒྱལ་རྗེས་འབྲང་བས་དྲང་པོ་བྱེད་ཀྱི་མི་འདུག་ཅེས་བརྗོད་པ་དེ་དག་ཡི་གེའི་ནང་ལ་བཀྲམ་པ་གཅིག་པུ་མ་རེད། འགྲོ་བ་མིའི་ཐོབ་ཐང་གི་སྡེ་ཚན་དེ་འདྲའི་ནང་ལ་ཞུས་ཡོད་རེེད། Amnesty International ཟེར་བ་ལ་ཡང་ཞུས་ཡོད་རེད། རྒྱ་གར་གཞུང་གི་སྲིད་བློན་མཚན་ཐོག་ལ་ཡང་ཕྱག་བྲིས་ཕུལ་ཡོད་རེད་ལ། ཕྱི་སྲིད་བློན་ཆེན་དང། ནང་སྲིད་བློན་ཆེན་མཚན་ཐོག་ལ་ཡང་ཕུལ་ཡོད། རྒྱ་གར་གཞུང་གི་ Human Rights Commission ལ་ཡང་གནས་ཚུལ་ཕུལ་ཡོད་རེད། ཡིན་ནའང་ཚན་པ་དེ་དག་ཚང་མ་བློ་གཟུ་པོར་གནས་པ་དང་། དཔྱད་པ་བྱེད་མཁན་ཞིག་ཡིན་པའི་ཆ་ནས་གནས་སྟངས་དེ་ཆོས་དད་རང་དབང་དང་འབྲེལ་བ་མི་འདུག་ཅེས་སུ་གཅིག་གིས་བདག་སྤྲོད་གནང་ཡོད་མ་རེད། རྒྱ་གར་གཞུང་གི་ Human Rights Commission གོང་དུ་ཞུས་པའི་སློབ་ཕྲུག་བཅུ་དྲུག་དེ་དག་གི་གནས་སྟངས་ཞུ་གཏུགས་བྱས་ཡོད། ཡིག་ལན་ཁོ་རང་ཚོར་བཏང་ཡོད། ངོ་བཤུས་སྣེ་ལེན་ཁང་ལ་བཏང་ཡོད།
དེའི་ནང་ལ་གསལ་པོ་བྱས་ནས་བཀོད་ཡོད། ༢༠༠༧ ཟླ་ ༡༢ ཚེས་ ༡༩ ལན་གནང་འདུག National Human Rights, Law division གནས་སྟངས་དེ་ཚོའི་ཆ་ནས་གསལ་པོ་ཞེ་དྲག་རེད། ཉེ་བའི་ཆར་དོལ་རྒྱལ་ཚོགས་པས་རྒྱ་གར་གྱི་སྲིད་བློན་རྣམ་པ་བཅས་པར་༸སྐྱབས་མགོན་རིན་པོ་ཆེས་ལྷོ་ཕྱོགས་དེ་འདྲ་བཀའ་གནང་འདུག་ཀྱང་ང་ཚོ་དེ་འདྲ་མིན་ཟེར་གྱི་ཡོད། གཅིག་བྱས་ན་རྒྱ་གར་གཞུང་གི་སྲུང་སྐྱོབ་ཀྱི་ཕྱག་ལས་གནང་མཁན་ཚོ་བཞད་མོ་ཤོར་གྱི་ཡོད་ཀྱི་རེད་བསམ་གྱི་འདུག དེ་ཚོ་གང་ཡིན་ཀྱང་ངས་གོང་དུ་ཞུས་པ་ནང་བཞིན་རེད། ཉེ་བའི་ཆར་དོལ་རྒྱལ་སྐོར་ལ་ཕྱི་རྒྱལ་བ་དེ་འདྲ་ཡིས་བརྩམས་པའི་དེབ་ཡོད་རེད། རྩོམ་སྒྲིག་བྱས་པའི་ཉེ་ཆར་འདོན་པའི་རྩོམ་དེ་འདྲ་འདུག དེ་དག་ལ་ཐུགས་སྣང་གནང་རོགས། ངས་གཅིག་དང་གཉིས་ཀྱི་མིང་འབོད་མི་དགོས་པའི་ཐོག་ནས། དེ་ལྟར་གནང་བ་ཡིན་ན་གསལ་པོ་མཁྱེན་གྱི་རེད་བསམ་གྱི་འདུག གནས་ལུགས་གང་ཡང་མི་ཤེས་པ་ཚོར་མགོ་སྐོར་བཏང་གི་ཡོད་རེད་ལ་མཉམ་དུ་རྒྱུགས་ཀྱི་ཡོད། གནས་ཚུལ་དེ་གསལ་པོ་ཆགས་ཡོད་པའི་རེ་བ་ཡོད།
དོལ་རྒྱལ་གནས་སྟངས་གང་འདྲ་ཆགས་ཡོད་དམ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་དོལ་རྒྱལ་དབར་གྱི་གནས་སྟངས་གང་འདྲ་ཆགས་ཡོད་དམ། དེ་ངས་ཞུ་དགོས་ཀྱི་མ་རེད་བསམ་གྱི་འདུག དམངས་ཁྲོད་ཁ་བརྡར་ཐུགས་སྣང་གནང་མཁན་ཞིག་ཡིན་ན། དམངས་ཁྲོད་ཁ་བརྡའི་ནང་ལ། རྒྱ་ནག་གཞུང་དང་འབྲེལ་བ་ཡོད། རྟག་ཏུ་རྒྱ་ནག་གཞུང་ཚབ་ཀྱིས་སྐད་གཏོང་གི་འདུག འགྲོ་གི་ཡོད། རྒྱ་ནག་ནས་མཐོ་རིམ་དཔོན་རིགས་སླེབས་པའི་སྐབས་སུ་གསོལ་ཚིགས་ལ་སྐད་གཏོང་གི་འདུག འགྲོ་གི་ཡོད། ཧ་ལམ་ག་རེ་བྱེད་རྒྱུ་ཡོད་མདོག་མདོག་སྐད་ཆ་དེ་འདྲ་བཤད་ཀྱི་ཡོད་རེེད། བདེན་པ་རེད། འགྲོ་གི་ཡོད་རེད། ༢༠༡༢།༢༠༡༣ ནང་ལ་བྱང་ཨ་རིའི་དགེ་ལྡན་སྙན་རྒྱུད་ཀྱི་རྒྱུན་ལས་ཀྱི་མིང་འཁུར་མཁན་ག་ཚོད་བོད་དང་རྒྱ་ནག་ལ་ཕྱིན་སོང། སྣེ་ལེན་གང་འདྲ་ཞུས་སོང་། ཕྱོགས་གཅིག་ནས་བོད་ནང་ལ་དོལ་རྒྱལ་ཐོག་ལ་རྒྱབ་སྐྱོར་ཡོད་ཟེར་གྱི་ཡོད་རེད། ཕྱོགས་གཅིག་ནས་སྲུང་སྐྱོབ་གླས་ནས་འགྲོ་དགོས་པའི་གནས་སྟངས་ང་ཚོས་དོ་སྣང་ཡོང་གི་འདུག གཅིག་བྱས་ན་ཁོ་རང་ཚོས་བེད་སྤྱོད་བྱེད་ཀྱི་ཡོད་པའི་ཆ་ནས། ཆེ་མཐོང་སྤྲད་པའི་སྐད་ཆ་ཡིན་ནམ། གནས་ཚུལ་དེ་ར་འཕྲོད་པ་གཅིག་བྱུང་མ་སོང་མ་གཏོགས། བོད་རང་སྐྱོང་ལྗོངས་ཀྱི་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་འདུའི་ནང་ལ་དོལ་རྒྱལ་བསྟེན་མཁན་གྱི་མི་ཁ་ཤས་ཟུར་ཉན་ལ་སླེབས་འདུག་ཟེར་བའི་སྐད་ཆ་ཡོད་རེད། གལ་སྲིད་དེ་འདྲའི་གནས་བབ་ཆགས་ཡོད་པ་ཡིན་ན། དེའི་ཐོག་ལ་འགྲེལ་བཤད་གསར་པ་གང་ཡང་རྒྱག་དགོས་པའི་གནས་སྟངས་ཡོད་མ་རེད་བསམ་གྱི་འདུག བླ་མའི་མིང་ཡོད་པ་མང་པོ་ཕྱིན་ཡོད་རེད་ལ། རྒྱུན་ལས་དེ་འདྲ་མང་པོ་ཕྱིན་སོང་། བྱས་ཙང་གནས་སྟངས་དེ་ཚོ་ཚང་མར་གཟིགས་དགོས་པ་རེད།
ཕྱོགས་མཚུངས་བོད་ནང་གི་དོལ་རྒྱལ་བསྟེན་མཁན་ཁ་ཤས་བེད་སྤྱོད་བཏང་ནས་ཨ་རི་དང་ཡུ་རོབ་ཁུལ་འཁྲིད་ཡོང་གི་ཡོད། དཔེ་མཚོན་ཆུང་ཆུང་གཅིག་ཞུས་པ་ཡིན་ན། ༢༠༡༢།༡༢།༡༠ འགྲོ་བ་མིའི་ཐོབ་ཐང་ཉིན་མོར་ནིའུ་ཡོཀ་ (New York) ལ་༸རྒྱལ་བ་རིན་པོ་ཆེས་ཆོས་དད་རང་དབང་སྤྲོད་ཀྱི་མི་འདུག དེའི་ཉིན་མོར་ཁོ་ཚོས་གསར་འགོད་གསལ་བསྒྲགས་ཞེ་དྲག་བྱེད་ཀྱི་ཡིན་ཟེར་ནས་ཁྱབ་བསྒྲགས་བྱས་པ་རེད། དེ་ཚོའི་གྲས་རྣམ་པ་ཚོས་གཟིགས་རྒྱུ་ཡོད་རེད། ཁོ་ཚོ་སྒང་ལ་རྐུབ་གྲལ་སྒྲིག་ནས་ལྕོག་རྩེའི་མདུན་ལ་བསྡད་ཡོད་ཀྱང་། འོག་ལ་མི་སུ་གཅིག་ཀྱང་ཡོད་མ་རེད། ཚགས་པར་རྒྱག་མཁན་སུ་གཅིག་ཀྱང་འབྱོར་མི་འདུག སྐད་ཆ་སྟོང་པ་བཤད་པ་རྣམས་བརྙན་འཕྲིན་ནང་བཅུག་ནས་གཏོང་གི་ཡོད་རེད།
དེ་བཞིན་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ནང་ནིའུ་ཡོཀ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྒོ་འགྲམ་ལ་ཕྱིན་ནས་སྙན་ཞུ་གཅིག་ཕུལ་བ་དང། མཐའ་ན་ཟས་བཅད་བསྡད་ནས་རྩོད་ཀྱི་ཡིན་ཟེར་གྱི་ཡོད་རེད། འགྲིག་གི་རེད། ཟས་བཅད་བྱེད་ཀྱི་ཡོད་ནའང་རེད། གང་འདྲ་བྱེད་ཀྱི་ཡོད་ནའང་རེད། དེ་འདྲ་ཡིན་དུས་བཀུར་འོས་སྤྱི་འཐུས་གཅིག་གིས་བཀའ་གནང་ཕྱོགས་དེ་ངས་གོ་ནོར་ཐེབས་མེད་པ་ཡིན་ན། བོད་མིའི་སྒྲིག་འཛུགས་ངོས་ནས་ཁོ་ཚོ་མཉམ་དུ་ཞི་བའི་གྲོས་མོལ་འདྲ་པོ་བྱས་ནས་དཀའ་ངལ་སེལ་རྒྱུ་མེད་དམ་ཞེས་དགོངས་ཚུལ་ཡོད་པ་འདྲ་པོ་ཚོར་སོང་། གཅིག་བྱས་ན་ངས་གོ་སྟངས་ནོར་ཡོད་ཀྱི་རེད། དེ་འདྲ་ཡོད་པ་གང་ཡང་ཚོར་གྱི་མེད། གནས་ཚུལ་དེ་བྱུང་བའི་སྐབས་ནས་ལས་ཁུངས་བྱེ་བྲག་པ་དེའི་ནང་ལ་ཡོད་པའི་ཆ་ནས་སྐབས་དེའི་བཀའ་བློན་དང་དྲུང་ཆེ་ནི་འབྲེལ་ཡོད་ཆོས་རིག་བཀའ་བློན་དང་དྲུང་ཆེ། སྐབས་དེའི་བདེ་སྲུང་བཀའ་བློན་དང་དྲུང་ཆེ། དེ་མིན་གྱི་བཀའ་བློན་རིམ་པ་གཞིས་ཆགས་ལ་ཕེབས་པའི་སྐབས་སུ་ལྷ་མི་སྲུང་སྐྱོབ་ཚོགས་པའི་འགན་འཛིན་ཡིན་ཟེར་མཁན་སོགས་མི་ ༢༠།༣༠ ཐུག་པའི་སྐབས་སུ་ཚོགས་འདུ་རབ་དང་རིམ་པ་ཚོགས་པ་རེད། བཤད་མྱོང་བ་རེད་ལ། མགོ་སྐོན་བྱས་མྱོང་བ་རེད། ད་ཆ་དེ་འདྲ་བྱེད་རྒྱུའི་གནས་བབ་ཁྱོན་ནས་མཐོང་མ་སོང་། བྱེད་དགོས་ཀྱི་ཡོད་པའི་ཚོར་བ་་ཡོང་གི་མི་འདུག དེ་འདྲ་བྱེད་དགོས་ཀྱི་ཡོད་ན་ལས་ཀ་བྱེད་སྟངས་དེ་འདྲ་མ་རེད་བསམ་གྱི་ཡོད། དེ་ཚོ་གསལ་པོ་བྱས་ནས་མཁྱེན་དགོས་པ་རེད་མ་གཏོགས་ཁོ་ཚོས་གང་བསྒྲགས་པ་དེ་དག་ཡིན་པ་རེད་དགོངས་པ་ཡིན་ན། གནས་ཚུལ་ཏག་ཏག་མ་རེད་ཅེས་ཞུ་རྒྱུ་ཡིན།
གནས་ཚུལ་དེ་དང་འབྲེལ་བའི་ཐོག་ནས་ནང་པ་སངས་རྒྱས་པའི་བསྟན་པ་རང་ལ་ཁྱད་གསོད་དང་། བསྲེ་ལྷད། དམའ་འབེབས་བྱེད་པའི་གནས་སྟངས་མང་པོ་ཞིག་ཡོང་གི་ཡོད། དཔེར་ན། བཀའ་གདམས་གསར་མ་ཡིན་ཟེར་མཁན་དེ་འདྲ་ཡིས་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ནང་བཙུགས་ནས་ཁོ་ཚོའི་གཟུགས་པོར་གྱོན་རྒྱུའི་སྟོད་འགག་དང་། ཚོས་མདོག་ལྗང་ཁུ་བཟོས་པ་དེ་འདྲ་ཡོད་།
མི་བརྒྱ་ཉི་བརྒྱ་མངོན་གསལ་དོད་པོ་བྱས་ནས་འགྲོ་གི་ཡོད་རེད། མིང་ལ་བཀའ་གདམས་གསར་མ་ཞེས་བཏགས་ཡོད་ཀྱང་དངོས་གནས་དྲང་གནས་བཀའ་གདམས་པའི་བསྟན་པ་འཛིན་མཁན་ཡིན་ན་འདུལ་བའི་ནང་ལ་སངས་རྒྱས་པའི་ན་བཟའ་མཆོད་སྟངས་དེ་གཏན་འབེབ་བྱས་ཡོད་པ་རེད། ག་རེ་ཆོག་གི་ཡོད་པ་དང་ག་རེ་ཆོག་གི་མེད་པ། དེ་ཚོར་དོ་སྣང་ཡོད་མ་རེད། སྣང་བ་གང་དྲན་བྱས་ནས་འགྲོ་གི་ཡོད་རེད། དེའི་ཐོག་ནས་དངུལ་བཟོ་ཐུབ་ཀྱི་འདུག་ན་བཟོས་ནས་འགྲོ་མཁན་ཡོད་རེད། དེ་ཚོ་ཧ་ལས་པའི་ཐབས་སྐྱོ་པོ་རེད་བསམ་གྱི་ཡོད།
ད་ལན་ཉེ་ཆར་ལྷོ་ཕྱོགས་སུ་ལམ་རིམ་ཆེན་མོའི་གསུང་ཆོས་གནང་བ་དེར་ནད་མ་འཁྱོག་༼དོགས་བཅོས།༽པའི་གནས་ཚུལ་མང་པོ་ཞིག་དམངས་ཁྲོད་ཁ་བརྡའི་ནང་ལ་བཤད་ཀྱི་ཡོད་པ། གཅིག་བྱས་ན་ང་ཚོ་ཚང་མས་གཟིགས་ཡོད་ཀྱི་རེད། ཁུངས་ལུང་མེད་པའི་སྐད་ཆ་མང་པོ་བཤད་ཀྱི་འདུག ག་རེ་བྱས་ནས་ན་ཚ་དེ་ཙམ་བཏང་གི་ཡོད་རེད་དམ། དོལ་རྒྱལ་དེ་དགེ་ལྡན་པའི་བསྟན་སྲུང་ཞེ་དྲག་ཡིན་ཟེར་ནས་བཤད་ཀྱི་ཡོད་ཀྱང་དངོས་གནས་དྲང་གནས་དགེ་ལྡན་པའི་བསྟན་སྲུང་ངོ་མ་ཡིན་ན། དགེ་ལྡན་པའི་བསྟན་པར་བདག་པོ་རྒྱག་མཁན་གདན་ས་གསུམ་གཙོས་པའི་དགེ་ལུགས་པའི་དགོན་པ་མར་ཕྱོགས་སུ་ཡོད་པ་དེ་ཚོའི་ཐོག་ནས་གནས་བབ་དེ་གསལ་པོ་དེ་ཙམ་བཟོས་ཡོང་དུས་ཁོ་དམར་ཧྲེང་ཕུད་འགྲོ་གི་ཡོད་པས་སྡུག་སྐད་ཤོར་བ་རེད།
དོལ་རྒྱལ་སྐོར་ལ་༸སྐྱབས་མགོན་རིན་པོ་ཆེས་དེབ་དབུ་འབྱེད་གནང་བ་དེ་ནི་གང་མིན་ཚད་རེད་ཟེར་ནས་ཧ་ལམ་དེའི་དོན་དུ་མ་གཏོགས་ལམ་རིམ་ཟེར་བ་ཡོད་མ་རེད་ཅེས་བཤད་པ་དེ་དག་འཁྱོག་བཤད་ཆེན་པོ་རེད་བསམ་གྱི་ཡོད། རང་དོན་རང་གཅེས་བྱས་ནས་དགེ་ལུགས་ཀྱི་བསྟན་བདག་ལྷན་ཚོགས་དང། རྒྱལ་སྤྱིའི་དགེ་ལུགས་ལྷན་ཚོགས་སོགས་ཐུགས་འཁུར་གནང་མཁན་ལ་དངོས་གནས་ལེགས་གསོ་ཞུ་རྒྱུ་རེད། ལོ་རྒྱུས་ཐོག་ལ་ཡིན་ནའང་དགོས་པ་ཞིག་རེད། དཔེ་ཡག་པོ་བྱུང་འདུག གཅིག་བྱས་ན་ན་ཚ་བཏང་ས་རང་ལ་ཕོགས་པ་ཡིན་ན་ངས་འགྲིག་པ་རེད་བསམ་གྱི་འདུག དོན་ཐོག་ལ་སྨིན་པ་དང་། ནད་ཐོག་གཙག་འཁེལ་བྱུང་བ་རེད་བསམ་གྱི་འདུག
འཁྱོག་བཤད་ག་ཚོད་བྱས་པ་དང་ངོ་རྒོལ་ག་ཚོད་བྱས་པ་ཡིན་ནའང་ངས་སྡོམ་དེ་ག་རེ་ཞུ་གི་ཡོད་ཟེར་ན། རི་རྒྱལ་ལྷུན་པོ་ལ། སྦྲང་མས་གཤོག་ཆགས་ཐེབས་རྒྱུ་ཡོད་མ་རེད། ཚང་མས་མཁྱེན་པ་གནང་དགོས་ཀྱི་འདུག་ཟེར་རྒྱུ་ཡིན།
མཐའ་མ་སྐུ་ཕྱྭ་དང་འབྲེལ་བ་ཡོད་པའི་ཐོག་ནས་སྤྱིར་བཏང་གོང་དུ་ཞུས་པ་ཡིན། དོལ་རྒྱལ་དེ་༸རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭའི་ཐོག་ལ་ཉེན་ཁ་ཆེ་ཤོས་ཡིན་པ་དང་། བོད་མིའི་ཆིག་སྒྲིལ་ཐོག་གནོད་སྐྱོན་ཆེ་ཤོས་ཆགས་ཡོད། ད་ལན་ཨ་རིའི་ཆིབས་བསྒྱུར་དེ་ནི་ནམ་རྒྱུན་དང་མི་འདྲ་བར་དུས་ཡུན་རིང་པོ་བྱུང་བ་དང་ས་གནས་མང་པོ་ཞིག་ལ་མཛད་འཆར་བྱུང་ཡོད། ཆིབས་བསྒྱུར་ཐོག་མཐའ་བར་གསུམ་ལ་ཧ་ལས་པ། ཨ་རིའི་སྲིད་འཛིན་དང་། གྲོས་ཚོགས་གོང་འོག་གི་འཐུས་མི་མཇལ་རྒྱུས་མཚོན་པའི་ཞེ་དྲག་ཡག་པོ་བྱུང་སོང་། ཁེ་ལ་ཧྤོ་ན་ཡའི་ (California) ཟ་ཁང་གི་གནས་ཚུལ་དེའི་ཐོག་ལ་དགོངས་ཚུལ་ཤུགས་ཆེན་པོ་གནང་སོང། དེ་བྱུང་ནས་ཆུ་ཚོད་གཉིས་གསུམ་རྗེས་ལ་ང་རང་སྲུང་སྐྱོབ་དང་འབྲེལ་བ་ཡོད་པའི་ཆ་ནས་ཁ་པར་གཅིག་སླེབས་སོང་ལ། དྲ་རྒྱ་བལྟ་ཤེས་ཀྱི་མེད་ཀྱང་ཆེད་དུ་མངགས་ནས་ཕྱིན་ནས་དེ་བལྟས་པ་ཡིན། བལྟས་ཚར་པ་དང་ལམ་སེང་ས་གནས་ས་ཐོག་ལ་འབྲེལ་བ་བྱས་ནས་གནས་ཚུལ་དེའི་སྐོར་ལ་མ་འཐུས་པའི་སྐོར་ལ་འགྲེལ་བཤད་བརྒྱབ་པ་ཡིན། དེ་རྗེས་བཀའ་ཤག་ནང་གོ་བསྡུར་སྔ་རྗེས་མང་པོ་བྱུང་བ་རེད། ས་གནས་ས་ཐོག་ནས་དེའི་སྐོར་ལ་སྙན་ཐོ་ཡང་འབྱོར་ཡོད།
གྲོས་ཆོད་ནང་ལ་ཞིབ་འཇུག་མཐིལ་ཕྱིན་པ་གནང་དགོས་རེད་གསུངས་ཡོད། དེའི་ཐོག་གང་ཡང་ཞུ་རྒྱུ་མེད། ཞིབ་འཇུག་གནང་ནས་ལག་བསྟར་ག་རེ་དགོས་པ་དེ་གནང་རྒྱུ་རེད་བསམ་གྱི་འདུག ཡིན་ནའང་སྲུང་སྐྱོབ་རིག་པའི་ཐོག་ནས་བལྟས་པ་ཡིན་ན། སྟབས་ལེགས་ནས་དེ་རིང་སྐད་འབོད་བྱས་པ་དང་། དམའ་འབེབས་བྱེད་རྒྱུའི་བསམ་བློ་བཏང་ནས་གྲ་སྒྲིག་ཡོད་པ་འདྲ་པོ་ཞིག དེ་ནི་ང་རང་ཚོ་ཚང་མས་བརྙན་འཕྲིན་བལྟས་པ་ཡིན་ན་མཐོང་རྒྱུ་ཡོད། ཡིན་ནའང་ཉེ་པོ་དེ་ཙམ་སླེབས་ཚར་དུས་སྐུ་ཕྱྭ་ལ་ཉེན་ཁ་བྱེད་མཁན་ཞིག་ཡིན་ན། གོ་སྐབས་ཆ་ཚང་རག་ཡོད་པ་ཞིག་ལ་ངོས་འཛིན་ཞུ་གི་ཡོད། སྟབས་ཡག་ནས་དེ་རིང་གང་ཡང་བྱུང་ཡོད་མ་རེད། དེ་འདྲའི་གནས་སྟངས་མ་བྱུང་བ་དེ་ང་རང་ཚོ་ཚང་མའི་བསོད་ནམས་རེད་དྲན་གྱི་ཡོད། དེར་བརྟེན་གྲོས་ཆོད་ཐོག་ལ་དམིགས་བསལ་ཞུ་རྒྱུ་མི་འདུག
མཐའ་མ་འབོད་བསྐུལ་དང་། དེ་ནས་གལ་ཆེ་བ་ཞིག་ལ་ད་ལྟ་༸སྐྱབས་མགོན་རིན་པོ་ཆེའི་ངོས་ནས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དེའི་སྐོར་ལ་སྲིད་བྱུས་ཁ་གསལ་པོ་ཞེ་དྲག་རེད། སྔ་འགྱོད་ཕྱི་སྡོམ་བྱེད་མཁན་དང་ལམ་ནོར་ལྡོག་ཤེས་བྱེད་མཁན་ཡོད་པ་ཡིན་ན། སྡིག་པ་ལ་ཡང་བཤགས་ན་དག་རྒྱུ་ཡོད་ཟེར་བ་ལྟར། དེ་འདྲ་ག་དུས་བྱེད་མཁན་ཡོད་པ་ཡིན་ནའང་དགའ་བསུ་ཞུ་གི་ཡོད། རེ་གཉིས་དོལ་རྒྱལ་བསྟེན་མཁན་ནང་ལ་ཕར་འགྲོ་མཁན་ཡོད་ནའང་དེ་རང་རེད། རང་དབང་རེད། ཕྱི་ལོ་ ༢༠༠༨ རྗེས་ལ་གནས་སྟངས་གསལ་པོ་ཆགས་པའི་རྗེས་སུ་ཡང་མི་གང་ལ་གང་ཙམ་ཞིག་སྤང་བླང་ཚུལ་བཞིན་བྱས་ནས་ཚུར་ཡོང་མཁན་བྱུང་ཡོད་རེད། དེ་འདྲ་བྱེད་མཁན་ཚོའི་སེམས་ནང་ལ་ཡང་ཞེད་སྣང་ཞེ་དྲག་བྱེད་ཀྱི་འདུག དེ་ཙམ་ཞེད་སྣང་བྱེད་དགོས་པ་གང་ཡིན་ནམ་བསམ་བྱུང་ཡང་། ཁོ་རང་ཚོ་དོལ་རྒྱལ་ཚོགས་པའི་ནང་ལ་བསྡད་མྱོང་ཡོད་པས་ཁོ་ཚོའི་བྱེད་སྟངས་ཤེས་ཀྱི་ཡོད་པས་རེད། ཁོ་ཚོའི་ནང་ལ་བླ་ཆེན་མི་ཆེན་དེ་འདྲ་ཡོད་རེད།
རྩ་བའི་ངས་དམངས་ཁྲོད་ཁ་བརྡའི་སྐོར་གྲོས་ཚོགས་ཐེངས་མང་པོའི་ནང་ལ་ཐེངས་མང་པོ་ཞུས་ཟིན་པ་རེད། དེའི་ནང་ལ་༸རྒྱལ་བ་རིན་པོ་ཆེ་དང་བོད་མིའི་སྒྲིག་འཛུགས་ལ་དམའ་འབེབ་བྱེད་རྒྱུ་དང་། ཁ་གཏོང་མཁན་གཅིག་རག་ན་སུ་ཡིན་ནའང་གདན་འདྲེན་ཞུ་གི་ཡོད། བཤད་བཅུག་གི་ཡོད་རེད། དོལ་རྒྱལ་དང་ང་རྩ་བ་ཉིད་ནས་འབྲེལ་བ་མེད་ཅེས་སོ་སོའི་ཁ་ནས་བཤད་ཀྱིན་སྡིངས་ཆ་དེ་བེད་སྤྱོད་བཏང་ནས་ཤོད་མཁན་དེའི་ནང་ཡོད་རེད། རྣམ་པ་ཚོས་ཐུགས་སྣང་བྱུང་ཡོད་ཀྱི་རེད། ང་དོལ་རྒྱལ་དང་འབྲེལ་བ་མེད། འོན་ཀྱང་༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་གནང་སྟངས་ཁྱོན་ནས་ཡག་པོ་མ་རེད་ཟེར་བ་སོགས་འབར་རེ་འབུར་རི་བཤད་ཀྱི་ཡོད་རེད། དེ་ཚོའི་གྲས་རྣམ་པ་ཚོ་ཚང་མས་གྲོས་ཆོད་ནང་ཡོད་པ་གཞིར་བཟུང་ལོ་རྒྱུས་ཀྱི་ནག་ཐིག་ཡིན་པ་གཟིགས་ཀྱི་ཡོད་ན། མི་སུ་དང་སུ་རེད། ངོ་ཐག་ཆོད་པ་དང་། མཁྱེན་པ་དགོས་པ་གལ་ཆེན་པོ་རེད། གཅིག་བྱས་ན་མི་དེ་ཚོའི་གྲས་སྙིང་རྗེའི་ཡུལ་རེད། བྱས་ཙང་ད་ལྟ་གསལ་པོ་ཞུ་དགོས་པ་གང་ཡིན་ཟེར་ན། སྤང་བླང་ཚུལ་བཞིན་བྱེད་མཁན་ཡོད་པ་ཡིན་ན། ག་དུས་ཡིན་ནའང་ཕྱིས་དྲགས་ཡོད་མ་རེད་བསམ་གྱི་འདུག
རྒྱ་ནག་གུང་ཁྲན་ཏང་གིས་བཤད་པའི་སྐད་ཆ་ཞིག་ཡོད་རེད། རྒྱལ་གཅེས་བྱེད་པར་སྔ་རྗེས་མེད། ཟེར་བ་ཞིག་ཡོད་རེད། རྒྱལ་གཅེས་བྱེད་ཟེར་གྱི་ཡོད་མ་རེད་ཀྱང། སོ་སོ་དམྱལ་བར་མི་འགྲོ་རྒྱུའི་ཆེད་དུ་ལམ་ནོར་ལྡོག་ཤེས་བྱེད་ཤེས་པ་ཡིན་ན། ཡག་པོ་རེད་བསམ་གྱི་ཡོད། ག་དུས་ཡིན་ནའང་དགའ་བསུ་ཞུ་རྒྱུ་ཡིན། གོ་སྐབས་ཚང་མར་ཡོད་རེད་བསམ་གྱི་ཡོད། ཡིན་ནའང་སྒྲིག་འཛུགས་འདྲ་པོ་གཅིག་གི་ནང་ལ་བསྡད་ཡོད་པར་བརྟེན་དེ་ནས་ཕྱིར་དོན་མི་ཤེས་པའི་གནས་སྟངས་དང། ཕྱིར་དོན་རྒྱུར་ཞེད་སྣང་བྱེད་མཁན་མང་པོ་ཡོད་པ་མཐོང་གི་འདུག བྱས་ཙང་མ་འོངས་པར་དོལ་རྒྱལ་ཚོགས་པའི་གནས་ཚུལ་དེ་ད་ཆ་གང་འདྲ་ཡིན་མིན་ཚང་མས་དེ་རིང་ཉིན་ཧྲིལ་པོ་གྲོས་ཚོགས་ནང་གསལ་པོ་བྱས་ནས་བཀའ་གནང་སོང། སྟོབས་ཆེན་རྒྱལ་ཁབ་ཀྱིས་བཟོ་མི་དགོས་པར་ལག་ཆ་རང་སྒྲིག་ཆགས་ནས་ཡོད་པ་དང་། བེད་སྤྱོད་ཚུལ་བཞིན་དུ་བྱེད་ཀྱི་ཡོད་པ། མཐའ་ན་གུང་ཁྲན་ཏང་གིས་བརྗོད་མི་བདེ་པའི་གནས་ཚུལ་མང་པོ་ཞིག་དོལ་རྒྱལ་ཚོགས་པའི་མི་དེ་ཚོའི་ཁ་ནས་བཤད་ཀྱི་ཡོད་པ། རང་ལུས་མེར་བསྲེགས་སྐོར་ལ་ཡིག་ཐོག་ནས་རྩོམ་ཡིག་བྲིས་པ་དང་འདོན་ས་ཡང་རྒྱ་ནག་གི་བརྒྱུད་ལམ་ཁག་ནས་ཐོན་གྱི་ཡོད་རེད། དེ་ཚོ་ཚང་མར་ཐུགས་སྣང་གནང་བ་ཡིན་ན་མ་མཁྱེན་པའི་གནས་ཚུལ་གང་ཡང་ཡོད་མ་རེད་བསམ་གྱི་ཡོད། བྱས་ཙང་དེ་རིང་སྐུ་ཕྱྭའི་ཐོག་ལ་འབྲེལ་བ་ཡོད་པ་བཀུར་འོས་སྤྱི་འཐུས་མང་པོས་ཐུགས་ཚོར་ཆེན་པོས་བཀའ་སློབ་མང་པོ་གནང་སོང། དེ་དག་སེམས་བཅངས་ཞུ་གི་ཡིན། གང་ཐུབ་ཅི་ཐུབ་ཞུ་རྒྱུ་དེ་ནི་འོས་བབ་དང་། ལས་འགན་ཡིན་པ་ཙམ་དུ་མ་ཟད། དུས་རྒྱུན་དུ་ཞུ་གི་ཡོད། ང་རང་ཚོ་བོད་མི་ཚང་མར་འཁྲི་བའི་འགན་ཞིག་རེད། མིང་རྒྱབ་འཁུར་གྱི་འགན་ཞིག་འཁུར་མཁན་ལ་ཨ་ཅང་བརྗོད་མེད། དེ་ཚོའི་གནས་བབ་གང་འདྲ་ཆགས་ཀྱི་ཡོད་པ་གྲོས་ཚོགས་མང་པོའི་ནང་ལ་ངས་སྔ་རྗེས་ཡར་ལངས་ནས་ཞུ་མྱོང་བ་ཞིག་རེད། དེ་དག་བསྐྱར་ཟློས་མི་དགོས་པའི་ཐོག་ནས་དེ་རིང་ཚོར་ཤུགས་ཆེན་པོས་དགོངས་འཆར་གནང་བ་དང་། བཀའ་སློབ་གནང་བ་དེ་དག་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་ལུས་པ་དང་ཆད་པ་དེ་འདྲ་ཡོད་ན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་གནང་མདོག་ཁ་པོ་རེད་བསམ་གྱི་འདུག་ལ། དེ་རིང་གྲོས་ཆོད་དེ་འདྲ་ཞིག་བསྣམས་ཕེབས་པ་དེར་འཛིན་སྐྱོང་ངོས་ནས་ཡག་པོ་བྱུང་འདུག་ཞེས་གནས་ཚུལ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། དཔལ་ལྡན་ཚོགས་གཙོ་མཆོག