ཟླ་བ་ ༩ ཚེས ༢༥ ༢༠༡༧
Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༥ རེས་གཟའ་ཟླ་བ།


༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༣ དང་ ༢༤ བཅས་ཉིན་གྲངས་གཉིས་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལ་ཊི་ཝི་ཡའི་རྒྱལ་ས་རི་གའི་སྐོན་ཊོ་ Skonto Hall  ཚོགས་ཁང་དུ་ཨུ་རུ་སུའི་དད་ལྡན་ཆོས་ཞུ་བ་གཙོ་བོར་གྱུར་པའི་ལ་ཏི་ཝི་ཡ་དང་། ལི་ཐུ་ནེ་ཡ། ཨེ་སི་ཌོ་ནེ་ཡ་བཅས་ཀྱི་དད་ལྡན་ཆོས་ཞུ་བ་གྲངས་ ༣༨༠༠ ལྷག་ཙམ་ལ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ་དང་། རྗེ་རིན་པོ་ཆེས་མཛད་པའི་ལམ་རིམ་བསྡུས་དོན་གྱི་གསུང་ཆོས་བཀའ་དྲིན་བསྐྱངས་ཡོད།

དེ་ཡང་ཕྱི་ཚེས་ ༢༣ ཉིན་གསུང་ཆོས་དབུ་འཛུགས་མ་གནང་གོང་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདིར་ལ་ཊི་ཝི་ཡ་ས་གནས་སུ་ཆེད་དུ་བྱ་བའི་གདུལ་བྱ་ཨུ་རུ་སུའི་ཁོངས་ནས་ཡོང་བ་དེ་དག་རེད། གང་ཡིན་ཞེ་ན། ཨུ་རུའི་རྒྱལ་ཁབ་ནང་ངོས་འཛིན་ཡོད་པའི་ཆོས་ལུགས་བཞིའི་ནང་ནས་ནང་པ་དེ་ཆོས་ལུགས་གཅིག་ཆགས་ཀྱི་ཡོད་པ་མ་ཟད། ཨུ་རུ་སུའི་ས་ཁོངས་སུ་ཕ་མེས་ནས་ནང་པའི་ཆོས་བྱེད་མཁན་ཀལ་མིག་དང་། བྷུ་རི་ཡཏ། ཐུ་ཝ་དེ་དག་བོད་བརྒྱུད་ནང་བསྟན་གཅིག་གྱུར་ཉམས་ལེན་བྱེད་མཁན་ཆགས་ཡོད།

ངོས་རང་ཆུང་དུས་སྐབས་བོད་ནང་ཡོད་དུས་ཨུ་རུ་སུའི་ནང་པའི་ས་ཁུལ་ནས་ཡོང་བའི་དགེ་འདུན་པ་ཕལ་ཆེར་བརྒྱ་སྐོར་ཞིག་ཡོད། དེ་བཞིན་དགེ་བཤེས་ཀྱང་མང་པོ་ཡོད། ཧ་ལམ་ལོ་སྟོང་ཕྲག་རིང་ནས་འབྲེལ་བ་ཡོད་པ་ཆགས་ཡོད་ཅེས་བརྗོད་ནའང་མ་འགྲིག་པ་མེད། དེར་བརྟེན་དེ་རིང་འདིར་གཙོ་བོ་ཨུ་རུ་སུ་ནས་ཡོང་བའི་ནང་པ་ཁྱེད་རང་ཚོར་ནང་ཆོས་འགྲེལ་བཤད་རྒྱག་རྒྱུ་རེད། དེ་ནས་ནུབ་ཕྱོགས་རྒྱལ་ཁབ་ནང་དུ་ངོས་ཀྱིས་ཤེས་ཡོན་སྡེ་ཚན་ནང་སེམས་ཁམས་རིག་པ་སོགས་འགྲེལ་བཤད་རྒྱག་གི་ཡོད། དཔེར་ན། ངོས་རང་ཉེ་ཆར་ཨི་ཌ་ལི་དང་འཇར་མ་ནིར་ཉིན་ཤས་བསྡད་པ་རེད། སྐབས་དེར་གཙོ་བོ་སེམས་ཁམས་རིག་པ་དང་ལྟ་གྲུབ་སྐོར་དེ་འདྲ་སྐད་ཆ་ཕྲན་བུ་ཡོང་གི་ཡོད་པ་མ་གཏོགས་ནང་ཆོས་འགྲེལ་བཤད་རྒྱག་རྒྱུ་བཟོ་འདྲ་བོ་བྱེད་ཀྱི་མེད། གང་ཡིན་ཞེ་ན། འཛམ་གླིང་ས་གནས་སོ་སོར་སོ་སོའི་ཕ་མེས་ནས་ཆོས་བརྒྱུད་མི་འདྲ་བ་ཡོད། སོ་སོའི་ཕ་མེས་ཀྱི་ཆོས་བརྒྱུད་ལ་མཐོས་བསམ་སྒོམ་གསུམ་བྱེད་ནས་སྡོད་ན་ཧ་ཅང་བཟང་བ་དང་བརྟན་པ་ཡོད། ཆོས་ལུགས་བརྗེ་འགྱུར་བྱེད་ན་སྐབས་རེ་སེམས་ལ་རྣམ་རྟོག་གི་རུ་འཛིན་ནས་དཀའ་ངལ་འཕྲད་རྒྱུ་དེ་འདྲ་ཡོང་བཞིན་འདུག

དེ་སྔ་རྒྱ་གར་དུ་ནུབ་ཕྱོགས་ནས་ཡོང་བ་དེ་འདྲས་འགོ་སྟོད་ལ་ནང་པའི་ཆོས་ལ་དོ་སྣང་བྱས། ཕྱིས་སུ་བསམ་བློའི་ནང་འཁྲུག་ནས་བདེ་བོ་མེད་མཁན་དེ་འདྲ་བྱུང་སོང་། དེར་བརྟེན་སོ་སོའི་ཕ་མེས་ཀྱི་ཆོས་དེ་ག་རང་བྱེད་ནས་སྡོད་ན་ཧ་ཅང་བཟང་བ་རེད་འདུག དཔེར་ན་ངོས་ཀྱི་ངོ་ཤེས་པའི་ཡི་ཤུའི་ཆོས་པ་ཞིག་ཡོད་པ་ཁོང་གཤེགས་ཟིན་པ་རེད། ཁོང་ནང་ཆོས་ལ་དོ་སྣང་ཧ་ཅང་ཡོད། ངོས་གཉིས་གྲོགས་པོ་རེད། ངོས་གཉིས་བྱམས་བརྩེ་དང་བཟོད་པ། ཞི་གནས་དེ་འདྲའི་སྐོར་གོ་བསྡུར་བྱེད་ཀྱི་ཡོད། ཉིན་ཞིག་ཁོང་གིས་སྟོང་ཉིད་ཀྱི་ལྟ་བའི་སྐོར་སྐད་ཆ་དྲིས་བྱུང་། ངོས་ཀྱིས་ཁོང་ལ་འདི་སྐོར་མ་འདྲི། འདི་ཁྱེད་དང་འབྲེལ་བ་མེད། འདི་ནང་པའི་ཐུན་མོང་མིན་པའི་ལྟ་གྲུབ་རེད། འདི་ཁྱེད་ལ་དགོས་པ་མེད། ཅེས་ངོས་གཉིས་ནང་ཚགས་ཡིན་སྟབས། ངོས་ཀྱིས་དེ་ལྟར་བརྗོད་པ་ཡིན། རྒྱུ་མཚན་གང་རེད་བརྗོད་ན། རྟེན་འབྱུང་གི་ལྟ་བ་ཞེས་བཤད་པ་ཡིན་ན། ཆོས་ཐམས་ཅད་བདེན་རྟོགས་སྒྱུ་མ་ལྟ་བུ་ཞེས་བཤད་དགོས་སྟབས། ཡི་ཤུའི་ཆོས་པ་ཞིག་གིས་ཡིད་ཆེས་བྱེད་ས་དཀོན་མཆོག་དེ་བདེན་རྟོགས་སྒྱུ་མ་ལྟ་བུར་བཤད་པ་ཡིན་ན། རྩེ་གཅིག་གི་དད་པ་དེར་ཕྲན་བུ་ཤུགས་རྐྱེན་བྱེད་མི་ཡོང་ངམ་དེ་འདྲ་དྲན་བྱུང་། དེར་བརྟེན་སྐད་ཆ་མ་འདྲི་ཞེས་བརྗོད་པ་ཡིན།

སྤྱིར་རྒྱ་གར་གྱི་ལྟ་གྲུབ་དང་དེའི་ནང་ནས་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་སྐོར་དོ་སྣང་ཡོད་མཁན་ཡོང་བཞིན་ཡོད། དེ་གནས་ཚུལ་ཁག་ཁག་རེད། ངོས་ཀྱིས་ནམ་རྒྱུན་རྟག་ཏུ་ཤོད་བཞིན་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཀྱི་མི་འགའ་ཤས་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་དེ་ཚོས་སོ་སོའི་ཁམས་དང་མོས་པའི་ཆ་ནས་ནང་པའི་ཆོས་ལ་མཐའ་གཅིག་ཏུ་བློ་ལ་ཐད་པ་ཞིག་དང་། ས་ོསོའི་ཕ་མེས་ཀྱི་ཆོས་བློ་ལ་དེ་ཙམ་གྱིས་ནུས་པ་མ་ཐོན་པའི་བཟོ་འདྲ་བོ་ཡོང་གི་ཡོད། སོ་སོའི་ཕ་མེས་ཀྱི་ཆོས་ཀྱང་དེ་ཙམ་ནུས་པ་མ་ཐོན་པའི་བཟོ་འདྲ་ཆགས་པ་ཡིན་ན། གནས་ཚུལ་ཁག་ཁག་རེད། འོན་ཀྱང་སོ་སོའི་ཕ་མེས་ཀྱི་ཆོས་ལ་ངེས་པར་དུ་བརྩི་བཀུར་བྱེད་དགོས། སོ་སའི་ཕ་མེས་ཀྱི་ཆོས་ལ་མ་གུས་པའི་བཟོ་འདྲ་བོ་བྱས་ན་ཡག་པོ་ཡོད་མ་རེད་ཅེས་ངོས་ཀྱི་ཤོད་བཞིན་ཡོད།

དེ་རིང་འདིར་ཆ་བཞག་ནའང་། ཁྱེད་རང་ཚོ་ཕ་མེས་ནས་ནང་པ་ཡིན་པ་གནས་ཚུལ་ཐ་དད་རེད། ཕ་མེས་ནས་ནང་པ་མིན་མཁན་ཚོ་དོ་སྣང་ལྟ་བུ་གསར་པ་བྱས་ནས་ཡོང་དུས་སོ་སོའི་ཕ་མེས་ཀྱི་ཆོས་ལ་ངེས་པར་དུ་གུས་བརྩི་བྱེད་རྒྱུ་གལ་ཆེན་པོ་རེད། དེང་སྐབས་ཆོས་ལུགས་མཐུན་སྒྲིལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངོས་ལ་ཆ་བཞག་ནའང་ངོས་རང་ནང་པའི་དགེ་སློང་ཞིག་རེད། ངོས་ཀྱིས་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། གང་ལྟར་ཆོས་ལུགས་གཅིག་གིས་གཅིག་ལ་གུས་བརྩི་ཡོད་པའི་ཐོག་ནས་ཆོས་ལུགས་མཐུན་སྒྲིལ། ལྷག་བསམ་རྣམ་དག་གི་ཐོག་ནས་མཐུན་སྒྲིལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེང་སྐབས་ཆོས་ལུགས་མི་འདྲ་བའི་རྒྱུ་མཚན་ལ་བརྟེན་ནས་མི་གསོད་རེས་བྱེད་བཞིན་ཡོད་པ་འདི་ཧ་ཅང་བློ་ཕམ་དང་ཐབས་སྐྱོ་པོ་རེད། དེ་སྔ་བོད་ལ་ཡིན་ནའང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་གཅིག་གྱུར་བ་ཡིན་ནའང་། ཞྭ་དམར་སེར་ཟེར་བ་དེ་འདྲའི་ཐོག་ནས་སྐབས་རེ་འཁྲུག་པ་རྒྱག་བཞིན་ཡོད། ཧ་ཅང་གིས་ཐབས་སྐྱོ་པོ་རེད། དེ་འདྲ་ཡིན་དུས་ཆོས་ལུགས་མཐུན་སྒྲིལ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།  ཁྱེད་རང་ཚོ་ཚང་མ་ནང་པའི་ཆོས་ལ་དམིགས་བསལ་དོ་སྣང་བྱས་ཏེ་ནང་པའི་ཆོས་ཉམས་སུ་བླངས་པ་ཡིན་ནའང་། སོ་སོའི་ཕ་མེས་ཀྱི་ཆོས་ལ་ངེས་པར་དུ་གུས་བརྩི་བྱེད་དགོས།

དང་པོ་ཆོས་ཟེར་བ་འདི་གང་རེད། ད་ལྟ་དུས་རབས་ཉེར་གཅིག་ལ་སླེབ་ཡོད། དངོས་པོ་ཡར་རྒྱས་ཧ་ཅང་ཚད་མཐོ་པོའི་ཐོག་སླེབ་ཡོད། ཚན་རིག་ཡར་རྒྱས་ཕྱིན་པའི་ཐོག་ནས་གནས་ཚུལ་མང་པོ་ཞིག་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་ཆགས་བཞིན་ཡོད། དེར་བརྟེན་ཆོས་དགོས་ཀྱི་ཡོད་དམ། དེ་འབྲེལ་བ་གང་ཡོད་ཅེ་ན། དྲི་བ་གཙོ་བོ་འདི་རེད། དེ་འདྲ་དྲིས་པ་ཡིན་ན་ད་ལྟ་འཛམ་གླིང་འདིའི་ཐོག་ཤེས་ཡོན་ཧ་ཅང་མང་པོ་ཡོད། རིག་གནས་ཁག་མང་པོ་ཡོད་། དེ་དག་མང་ཆེ་བ་ཕྱི་དངོས་པོ་ལ་བརྟེན་པ་ཤ་སྟག་རེད་འདུག ཆོས་ཕྱོགས་ཀྱི་ཐོག་ནས་སེམས་ཀྱི་ཞི་བདེ་སྒྲུབ་རྒྱུ་ཡོད་ནའང་། མང་ཆེ་བ་དད་པའི་ཐོག་ནས་འགྲོ་རྒྱུ་ཆགས་ཀྱི་འདུག་སྟབས། རྒྱ་གར་འཕགས་པའི་ཡུལ་གྱི་ཆོས་བརྒྱུད་དེ་དག་གིས་གཙོ་བོ་སེམས་ལ་སྦྱོང་བརྡར་སྤྲད་ནས་སེམས་ལ་བསྒྱུར་བཅོས་གཏང་རྒྱུ་དང་། སེམས་ལ་བསྒྱུར་བཅོས་གཏོང་རྒྱུ་ཟེར་བ་འདི་ད་ལྟ་ང་ཚོར་ཡོད་བཞིན་པའི་སེམས་འདི་གསར་པ་བཟོས་ཟེར་གྱི་མེད། སེམས་ལ་བསྒྱུར་བཅོས་གཏོང་ཟེེར་བ་འདི་ང་ཚོའི་སེམས་ལ་རེ་དོགས་ཀྱི་རྣམ་རྟོག་ལུག་གུ་བརྒྱུད་ནས་སེམས་འཁྲུག་པ་དེ་ཚོའི་གྲས་ཉུང་དུ་གཏོང་རྒྱུར། ཕྱིའི་སྨན་ཟ་བ་དང་བྱིན་རླབས་ཞུས་ནས་ཉུང་དུ་གཏོང་རྒྱུ་མ་རེད། གང་ལྟར་ང་ཚོ་བསམ་བློ་གཏོང་ཕྱོགས་ཀྱི་ཐོག་ནས་སེམས་ལ་བསྒྱུར་བ་གཏོང་རྒྱུ་གང་འདྲ་རེད་བརྗོད་ན། ཁོང་ཁྲོ་དང་ང་རྒྱལ། རང་གཅེས་འཛིན་ཟེར་བ་དེ་ཚོའི་གྲས་ལ་ཞེན་ཆགས་ཧ་ཅང་ཤུགས་ཆེན་པོའི་ཐོག་ནས་སོ་སོ་ལ་ཏོག་ཙམ་མ་བདེ་བ་ཡོང་བའི་ཐོག་ནས་ཁོང་ཁྲོ་བཟའ་རྒྱུ་གཅིག་ཡོང་བཞིན་ཡོད། ཕྱོགས་གཅིག་ནས་བདག་ལ་ཆགས་པ་དེས་བྱེད་བཞིན་ཡོད།

གཉིས་ནས་དགྲ་དང་གཉེན་ཞེས་ཕྱོགས་དང་རིས་སུ་ཕྱེ་བའི་ཐོག་ནས་ཆགས་སྡང་གི་བློ་སྐྱེ་གི་ཡོད་པར་བརྟེན་ཆོས་ཟེར་རྒྱུ་འདིས་གང་ལྟར་བྱམས་བརྩེ་དགོས་རེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་ལ་ཆ་བཞག་ནའང་། བྱམས་བརྩེ་ཉམས་ལེན་གཙོ་བོ་བཤད་ཀྱི་ཡོད། བྱམས་བརྩེ་ཉམས་ལེན་ཡག་པོ་ཡོང་བར་བཟོད་པའི་ཉམས་ལེན་དང་། དེ་བཞིན་འཁོན་འཛིན་མི་བྱེད་པ། བཟོད་བཞེས་དེ་ཚོའི་གྲས་ཆོས་ལུགས་ཚང་མས་གསུང་གི་འདུག ཆོས་ལུགས་དེ་དག་གིས་གང་ལྟར་སེམས་དཀྲུག་མཁན་གྱི་ཞེ་སྡང་གཙོ་བོར་གྱུར་པའི་དེ་ཚོའི་གྲས་ཤུགས་ཆུང་དུ་གཏོང་རྒྱུ་ཞིག་ཆོས་ལུགས་ཚང་མས་བཤད་ཀྱི་ཡོད། ད་ལྟ་འཛམ་གླིང་འདིའི་སྟེང་དངོས་པོ་ཡར་རྒྱས་ཁོ་ནར་དམིགས་ཏེ་འགྲོ་བཞིན་པ་འདིས་སེམས་ཞི་བདེ་ཡོང་བ་ཞིག་བཟོ་ཐུབ་ཀྱི་མི་འདུག སེམས་འཁྲུག་ཡོང་དུས་བཟི་སྨན་ཟ་རྒྱུ་དང་། ཆང་རག་འཐུང་རྒྱུ་བཟོ་འདྲ་བོ་དེ་དག་གིས་གནས་སྐབས་སེམས་འཁྲུག་པ་དེ་ཕར་ཞི་ངེས་རེད་མ་གཏོགས། རྩ་བའི་སེམས་འཁྲུག་རྒྱུ་དེ་དག་ཉུང་དུ་འགྲོ་རྒྱུ་ཡོང་གི་མ་རེད།

དེང་སྐབས་ཡོད་དང་ཡོད་བཞིན་པའི་ཤེས་ཡོན་སྤྲོད་ཕྱོགས་འདིས་གང་ལྟར་དངོས་པོ་ཡར་རྒྱས་དང་དཔལ་འབྱོར་དང་འབྲེལ་བའི་ཤེས་ཡོན་ཞིག་ཆགས་ཡོད་པ་ཕལ་ཆེར་ཧ་ཅང་གསལ་པོ་རེད། དེང་དུས་ཀྱི་ཤེས་ཡོན་ Modern Education ནི་ཡུ་རོབ་ནས་དར་བ་རེད། ཡུ་རོབ་ཏུ་བཟོ་ལས་ཡར་རྒྱས་འགྲོ་རྒྱུ་འགོ་འཛུགས་ཡོང་བའི་གོང་ལ་དགོན་པ་ཁག་ཤེས་ཡོན་གྱི་བསྟི་གནས་ཆགས་ཡོད། བཟོ་ལས་འགོ་བཙུགས་ནས་རིམ་པས་ཡར་རྒྱས་ཕྱིན་པའི་སྐབས་སུ་རྩིས་རིག་ Mathmatics དེ་ཚོའི་གྲས་ཧ་ཅང་འབྲེལ་བ་ཡོང་གི་འདུག དགོན་པ་ཚོས་ལོ་སྟོང་ཕྲག་རིང་ཤེས་ཡོན་གྱི་བསྟི་གནས་ལྟ་བུ་བྱས་པ་དེའི་མ་འདང་བར་བརྟེན་ཤེས་ཡོན་གྱི་སྡེ་ཚན་ཟུར་དུ་ཕྱེ་བ་རེད། དེ་དུས་ནང་སེམས་ཀྱི་བྱམས་བརྩེ་མཚོན་པའི་དེ་ཚོའི་གྲས་ཆོས་བརྒྱུད་ཁག་གི་དགོན་པས་འགན་འཁུར་བ་དང་། དངོས་པོ་ཡར་རྒྱས་དང་འབྲེལ་བའི་ཤེས་ཡོན་དེ་དག་ཤེས་ཡོན་གྱི་བསྟི་གནས་ཟུར་དུ་ཕྱེ་བ་དེས་འགན་འཁྱེར་ནས་ཕྱིན་པ་རེད། དེ་དུས་ཕལ་ཆེར་འདང་གི་ཡོད་པའི་བཟོ་འདྲ་ཞིག་རེད། དེ་ནས་རིམ་པས་ཆོས་ཕྱོགས་ཐོག་དོ་སྣང་ཕྲན་བུ་ཆུང་དུ་ཕྱིན་པའི་སྐབས་སུ་དགོན་པ་ཁག་གིས་བཟང་པོ་དང་བྱམས་བརྩེའི་བསླབ་བྱ་སྤྲད་རྒྱུའི་ནུས་པ་མ་འདང་བ་ཆགསཔ་དང་། གསར་དུ་ཚུགས་པའི་སློབ་སྦྱོང་གི་སྡེ་ཚན་ཐོག་ནས་སེམས་ཁམས་རིག་པ་གཙོ་བོར་གྱུར་པའི་སེམས་ལ་ཞི་བདེ་བཟོ་རྒྱུའི་བསླབ་བྱ་རིགས་དེ་ཙམ་མེད་པར་བརྟེན་མ་འདང་བའི་གནས་ཚུལ་འདུག དེར་བརྟེན་དེང་དུས་ཤེས་ཡོན་ལམ་ལུགས་ཀྱིས་ཕལ་ཆེར་མ་འདང་བའི་བཟོ་འདྲ་བོ་ཞིག་མཐོང་གི་འདུག ཆོས་ཀྱི་ཐོག་ནས་བཤད་པ་ཡིན་ནའང་། མི་སྤྱི་ལ་ཁྱབ་ཐུབ་ཀྱི་མ་རེད། མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པའི་ནང་ནས་དུང་ཕྱུར་བཅུ་ཙམ་ཆོས་ལ་དད་པ་མེད། དུང་ཕྱུར་དྲུག་ཅུ་ཙམ་ཆོས་ལ་དད་པ་ཡོད། ཆོས་པ་ཡིན་ཟེར་གྱི་ཡོད་ཀྱང་ངོ་ཐོག་རང་གི་མི་ཚེ་སྐྱེལ་རྒྱུའི་དོན་དུ་ཆགས་སྡང་སྟེང་འགྲོ་མཁན་མང་པོ་ཡོད།

དེར་བརྟེན་ཆོས་པའི་ནང་ཆོས་ལུགས་མི་འདྲ་བའི་རྒྱུ་མཚན་གྱིས་འཐེན་འཁྱེར་བྱས་ནས་མཐའ་ན་གསོད་རེས་གཏོང་རྒྱུ་དེང་སྐབས་ཡོང་བཞིན་འདུག དེ་དག་གིས་ཆོས་ཀྱི་ཉམས་ལེན་ངོ་ཐོག་ཁ་ཡོད་ལག་ཡོད་བྱེད་ཀྱི་མེད་པ་ཧ་ཅང་གསལ་པོ་རེད། ཕྱོགས་གཅིག་ནས་རིམ་པ་དང་པོ་དེ་འཛམ་གླིང་སྤྱི་ལ་ཁྱབ་རྒྱུའི་ཡ་རབས་སྤྱོད་བཟང་བྱེད་རྒྱུའི་སློབ་སྦྱོང་ཞིག་དགོས་འདུག  དེ་རྒྱ་གར་ལ་སྔ་མོ་ནས་ཡོད་རེད། Secular ཟེར་བ་དེ་ཆོས་ལུགས་ཚང་མར་དད་པ་དང་མོས་གུས། དེ་བཞིན་ཆོས་དད་མེད་མཁན་ཚོ་ལའང་དད་གུས་བྱེད་རྒྱུ་ཞིག་རྒྱ་གར་གྱི ་Secular ཟེར་བའི་གོ་བ་དེ་འདྲ་རེད་འདུག ནུབ་ཕྱོགས་ལ་ Secular ཟེར་དུས་ཆོས་ལ་ཏོག་ཙམ་མ་གུས་པའི་རྣམ་པ་མཐོང་བཞིན་འདུག གཉིས་ནས་ French Revolution དང་ Bolshevik Revolution དེ་ཚོ་ཡོང་བའི་སྐབས་ཆོས་ལ་ངོ་རྒོལ་གྱི་རྣམ་པ་ཕྲན་བུ་ཡོང་གི་ཡོད། འདི་ངོ་ཐོག་ཞིབ་ཚགས་པོའི་ཐོག་ནས་ཞིབ་འཇུག་བྱས་པ་ཡིན་ན། ཆོས་ལ་ངོ་རྒོལ་བྱེད་ཤེས་ཀྱི་མ་རེད།  བྱམས་བརྩེ་དང་བཟོད་པ་ཉམས་ལེན་བྱེད་རྒྱུ་ནི་ཆོས་རེད། འདི་ལ་སུ་གཅིག་གིས་ངོ་རྒོལ་བྱེད་ཤེས་རྒྱུ་མེད། དཔེར་ན་བྱམས་བརྩེ་བརྗོད་པ་ཡིན་ན་དུད་འགྲོ་ཚོས་ཀྱང་དགའ་པོ་བྱེད་ཀྱི་འདུག མིས་བྱམས་བརྩེ་ལ་ངོ་རྒོལ་བྱེད་ཤེས་ཀྱི་མ་རེད། ཆོས་ལ་ངོ་རྒོལ་ཟེར་བ་གང་འདྲ་རེད། ཅེ་ན། དེའི་ཚེ་དེའི་དུས་ཀྱི་ཆོས་ཀྱི་སྒྲིག་འཛུགས་ཁག་དེ་དག་ Religious Institution དེ་ཚོའི་གྲས་དེ་སྤྱི་ཚོགས་ནང་ལ་དེའི་ཚེ་དེའི་དུས་ཞིང་བྲན་རིང་ལུགས་ཡོད་པ་ལ་མཐོ་རིམ་མི་སྣ་ཉུང་ཤས་ཤིག་གིས་མི་མང་ལ་མར་བསྣན་པ་དང་འབྲེལ་ཆོས་ཀྱི་སྒྲིག་འཛུགས་ཁག་གིས་དེ་དག་ལ་ལག་འབྲེལ་གཏང་ནས་བསྡད་ཡོད་པར་བརྟེན་ Religious Institution དེ་དག་དངོས་གནས་བྱས་ནས་བཤུ་གཞོག་གཏོང་མཁན་གྱི་བཟོ་འདྲ་ཆགས་ཀྱི་འདུག དེར་བརྟེན་ Religious Institution དེ་དག་  French Revolution སྐབས་ལ་ངོ་རྒོལ་བྱེད་རྒྱུ་བྱུང་ཡོད། Bolshevik Revolution སྐབས་ལའང་བྱུང་བ་རེད། ཆོས་ཀྱི་བསླབ་བྱ་ངོ་མ་དེ་དང་ཆོས་ཀྱི་སྒྲིག་འཛུགས་ Institution དབྱེ་འབྱེད་གཏང་རྒྱུ་གལ་ཆེན་པོ་རེད་འདུག ང་ཚོ་བོད་ལ་ཡིན་ནའང་ཆོས་ཀྱི་བླ་བྲང་ཟེར་བ་མང་པོ་གཅིག་སྡུག་ས་ནས་བཤད་ན་བཤུ་གཞོག་གཏོང་མཁན་གྱི་ལག་ཆ་ལྟ་བུ་ཆགས་གྲབས་འདུག ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད། །

Share with your friends










Submit