༢༠༡༧ ཟླ་ ༧ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་ཧུན་སུར་རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་ཟུང་འབྲེལ་གྱིས་གོ་སྒྲིག་ཐོག་རང་རིགས་མཐོ་སློབ་ཐོན་ཟུར་སྡེ་ཁག་ཅིག་ལ། ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་རྗེས། སློབ་དགེ་སྔགས་རམས་པ་ཡོན་ཏན་ལགས་ནས་མཛད་སྒོ་ངོ་སྤྲོད་ཀྱི་གསུང་བཤད་གནང་བ་དང། དེ་རྗེས་མཛད་སྒོའི་སྐུ་མགྲོན་དུ་གདན་ཞུས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་དགེ་བཤེས་དབང་འདུས་མཆོག་དང་། ཧུན་སུར་རབ་གླིང་ས་གནས་འགོ་འཛིན་རིག་འཛིན་རྡོ་རྗེ་ལགས་ཕེབས་ཡོད་པ་ལྟར་རང་ཅག་བོད་གངས་ཅན་པའི་གཅེས་ནོར་ཆོས་དང་རིག་གཞུང་གི་ཁྱད་གནད་འགྲེལ་བརྗོད་དང་། དེ་དག་རང་རེས་གལ་ཆེའི་རང་བཞིན་དུ་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་བྱ་བར་ཇི་ལྟར་འཇུག་ཚུལ་ལས་བརྩམས་པའི་གསུང་བཤད་གནད་འཁེལ་གནང་ཡོད།
ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་དང་དམིགས་བསལ་ལས་འཆར་འདིའི་འགན་ཁུར་བ་བསྟན་འཛིན་ཟླ་སྒྲོན་ལགས་རྡ་ས་ནས་ཆེད་ཕེབས་གནང་དོན་བཞིན་ལས་འཆར་དང་སློབ་ཕྲུག་ངོ་སྤྲོད་ཀྱི་གསུང་བཤད་ཀྱང་གནང་ཡོད་པ་རེད། ད་རེའི་ཟླ་དྲུག་ཟབ་ཁྲིད་འདིར་ཐོག་མར་འཛུལ་ཞུགས་སྙན་སེང་འབུལ་མཁན་བཅོ་ལྔ་ཙམ་བྱུང་ཡོད་ཀྱང། འགའ་ཞིག་འཕྲལ་རྐྱེན་དབང་གིས་ཕྱིར་འཐེན་གནང་མཁན་བྱུང་སྟེ། ཐ་མ་དངོས་སུ་ཕེབས་འབྱོར་བྱུང་བ་ངོ་གྲངས་བརྒྱད་བྱུང་ཡོད་ཅིང། འདས་པའི་ཟབ་ཁྲིད་ཐེངས་གསུམ་ལ་སློབ་ཕྲུག་ངོ་གྲངས་བསྡོམས་ལྔ་བཅུ་སྐོར་བྱུང་སྟེ་ཁོང་རྣམ་པའི་ནང་ཆོས་ཀྱི་གོ་རྟོགས་དང་བྱིན་མཐུས་ཕྱིའི་ཀུན་སྤྱོད་ཀྱི་གནས་ཚད་བཟང་དུ་ཕྱིན་པ་དང་བོད་ཀྱི་སྐད་ཡིག་ལ་སེམས་ཁུར་སྔར་ལྷག་ཤུགས་སྣོན་ཐེབས་ཡོད་པ་མཐོང་ཐུབ།
ཟབ་ཁྲིད་ཀྱི་སློབ་ཚན་ནི་བོད་ཀྱི་སྐད་ཡིག་སུམ་རྟགས་དག་གསུམ་སོགས་དང། ནང་དོན་རིག་པའི་གཞུང་ལུགས་ལས་གྲུབ་མཐའ། དབུ་ཕར་དང་ཚད་མ་མཛོད་སྔགས་བཅས་ཀྱི་གཞུང་ཚན་སྙིང་བཏུས་བསླབ་གཞིར་ཡོད་པ་དང། དེ་འབྲེལ་བློ་རིག་དང་རྟགས་རིགས་སོགས་རིགས་ལམ་འཆད་རྩོད་ཀྱང་ཡོད་པ་རེད།
མཛད་སྒོ་དངོས་གཞི་གྲོལ་རྗེས་ཕྱི་དྲོར་སྒྲི་འཛུགས་དང་སློབ་ཚན་བཅས་གསལ་བསྒྲགས་གནང་ཡོད་པ་དང། དེ་རྗེས་སློབ་ཕྲུག་ཚོ་དགོན་པར་ཆོས་མཇལ་དུ་འཁྲིད་དེ་གནས་བཤད་དང་དགོན་པ་ངོ་སྤྲོད་བཅས་གནང་སྟེ་ཐེངས་འདིའི་ཟབ་ཁྲིད་དབུ་འཛུགས་ཀྱི་ལས་རིམ་རྣམས་ལེགས་གྲུབ་བྱུང་སྟེ་སྤྱི་ཚེས་ ༢ ནས་འཛིན་གྲྭ་ཁག་དངོས་སུ་ཚུགས་རྒྱུ་ཡིན་པ་བཅས་ཀྱི་གསར་གནས་སུ། ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༧ ཟླ་བ་ ༧ ཚེས་ ༡ ལ་སྤེལ།