༢༠༡༧ ཟླ་ ༧ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་གྱི་རྒྱལ་ས་སླེ་ནས་ཐད་འཕུར་གནམ་གྲུ་བརྒྱུད་ལྡུམ་ར་ Thoise དམག་མིའི་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་ཁྲིག་སེ་རིན་པོ་ཆེ་མཆོག་དང་། དཀྱིལ་ཁང་རིན་པོ་ཆེ། ལ་དྭགས་ནང་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་འཕྲིན་ལས་ལགས། ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་དེད་དཔོན་བསོད་ནམས་ཟླ་བ་བློན་པོ་ལགས། ས་གནས་ཀྱི་གྲོས་ཚོགས་འཐུས་མི་རྣམ་རྒྱལ་ Deldan Namgyal MLA ལགས། རྫོང་དཔོན་ཚེ་རིང་རྣམ་རྒྱལ་ལགས་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
དེ་ནས་ཆིབས་འགྲོ་བརྒྱུད་ཆིབས་སྒྱུར་བསྐྱངས་སྐབས་ཕེབས་ལམ་གཡས་གཡོན་དུ་ས་གནས་ཡུལ་མི་སྟོང་ཕྲག་བརྒལ་བས་ལག་ཏུ་དཀར་གཙང་མཇལ་དར་དང་མེ་ཏོག་སོགས་ཐོགས་ཏེ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་ཞུས་རྗེས་ཆུ་ཚོད་ ༡༠ ཡོལ་ཙམ་ཐོག་ལྡུམ་ར་བདེ་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་གཟིམ་ཆུང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག་དང་། བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ། འབྲས་སྤུངས་སྒོ་མང་གི་མཁན་རིན་པོ་ཆེ་སོགས་བླ་སྤྲུལ་རྣམས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་བཅས།།