༢༠༡༧ ཟླ་ ༦ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ ༢༠༡༧ ཟླ་ ༦ ཚེས་ ༡༢ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ཟླ་ ༦ ཚེས་ ༡༡ སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་གི་ནང་ཆོས་འཛིན་ཁང་དུ་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གསར་རྙིང་གི་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་ཚོགས་ཡོད།
ཐོག་མར་སྐབས་གསུམ་པའི་ཚོགས་གཙོ་འགན་བཞེས་གནང་མཁན་ས་སྐྱ་འཇམ་དབྱངས་ཆོས་ཚོགས་ཀྱི་ཚོགས་གཙོས་གསུང་བཤད་གནང་བ་དང་། དེ་རྗེས་སྐུ་མགྲོན་གཙོ་བོ་དང་སྤྲོད་དཔང་དུ་གདན་ཞུ་གནང་བ་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ཐེ་ཝན་ནང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྙིང་པོ་༸གོང་ས་མཆོག་གི་དགོངས་གཞི་ལྟར་ཐེ་ཝན་སོགས་རྒྱ་རིགས་སྤྱི་ཚོགས་ནང་ངོ་སྤྲོད་ཡང་དག་པ་དང་། ཁྱབ་སྤེལ་ཡོང་ཆེད་ཆོས་ཚོགས་ཁག་མཐུན་མོང་ནས་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་གསར་འཛུགས་གནང་བའི་བརྒྱུད་རིམ་ངོ་སྤྲོད་དང་། ཐོག་མར་དཀའ་ངལ་མང་པོར་གདོང་ལེན་གནང་མཁན་གྱི་འབྲེལ་ཡོད་མི་སྣ་དང་ཆོས་ཚོགས་ཁག་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་གསུང་དོན།
ཐེ་ཝན་དགའ་ལྡན་ཤར་རྩེ་ཆོས་ཚོགས་ནས་བོད་བརྒྱུད་ནང་བསྟན་ཁྱབ་སྤེལ་དང་། ལོ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུ་བའི་མཚན་ཚོགས་གོ་སྒྲིག་གནང་བ་དང་། རྒྱུན་དུ་མཛད་སྒོ་ཁག་གི་སྐབས་བོད་དོན་ཆེད་རང་སྲོག་བློས་གཏོང་གནང་མཁན་གྱི་དཔའ་བོ་དཔའ་མོ་དང་། ལྷག་པར་རང་ལུས་མེར་སྲེག་གནང་མཁན་རྣམས་ལ་ཐུགས་སྨོན་དང་། བོད་དོན་རྒྱབ་སྐྱོར་གྱི་ལག་དེབ་སྔོན་པོ་ངོ་སྤྲོད་གནང་བ་སོགས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་།
སྐབས་བཞི་པའི་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོའི་འགན་བཞེས་གནང་བར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཆབས་གཅིག་མ་འོངས་པའི་ཆོས་ཕྱོགས་ཀྱི་བྱ་བ་ཁག་ལམ་ལྷོངས་དང་སྔར་ལྷག་གྲུབ་འབྲས་ཐོན་ཐུབ་པའི་ཡིད་ཆེས་དང་འབོད་སྐུལ་ཞུས། དེ་རྗེས་ཐེ་ཝན་དགའ་ལྡན་ཤར་རྩེ་ཆོས་ཚོགས་ནས་མཐུན་ཚོགས་ཀྱི་ཚོགས་གཙོ་གསར་པའི་ལས་འགན་བཞེས་ནས་འབྱུང་འགྱུར་ལོ་གཉིས་ནང་ཚོགས་པ་སྤྱིའི་ལས་དོན་ཐོག་འབད་བརྩོན་དང་། ལྷག་དོན་དེང་དུས་དྲ་རྒྱའི་དུས་སྐབས་ཡིན་སྟབས་བོད་བརྒྱུད་ནང་བསྟན་ངོ་སྤྲོད་ཀྱི་དྲ་རྒྱའི་བརྙན་འཕྲིན་ལས་གཞིའི་ཐོག་ཤུགས་སྣོན་རྒྱག་རྒྱུ་ཡིན་པས། འབྲེལ་ཡོད་ཆོས་ཚོགས་གཞན་གྱི་ཚོགས་མི་རྣམ་པ་དང་། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ནས་སྔར་བཞིན་རྒྱབ་སྐྱོར་ཡོང་བ་ཞུས། མཐའ་མ་མཐུན་ཚོགས་ཀྱི་དེབ་སྐྱེལ་ཡིག་ཆ་དང་ལས་ཐམ་བཅས་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཀྱི་གཟིགས་རྟོགས་འོག་རྩིས་སྤྲོད་རྩིས་ལེན་གནང་ནས་མཛད་སྒོ་གྲོལ།
གཞན་ཡང་དེ་ཉིན་ཕྱི་དྲོ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་གི་ནང་ཆོས་འཛིན་ཁང་ནང་། ཐེ་ཝན་སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པ་ནས་གོ་སྒྲིག་གནང་བའི་བཞུགས་སྒར་རྡ་རམ་ས་ལར་འཚམས་གཟིགས་སུ་བསྐྱོད་མཁན་ཐེ་ཝན་སློབ་ཕྲུག་བཅུ་བཞི་ལ་ལས་བྱེད་བསོད་ནམས་རྡོ་རྗེས་དོན་ཁང་གི་ཚབ་ཞུས་ཏེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ངོ་སྤྲོད་དང་དྲི་བ་ཁག་ལ་ལན་འདེབས་གནང་ཡོད་པ་རེད། སློབ་ཕྲུག་དེ་དག་བདུན་ཕྲག་གསུམ་ཙམ་རིང་བཞུགས་སྒར་རྡ་རམ་ས་ལར་ཆེད་དུ་བསྐྱོད་ནས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གཅིག་ནང་དང་བླངས་ཐོག་རྒྱ་ཡིག་གི་ཞབས་ཞུ་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཉམས་གསོག་གནང་རྒྱུ་སོགས་ཡིན་པ་རེད།།