༢༠༡༧ ཟླ་ ༥ ཚེས་ ༩ རེས་གཟའ་མིག་དམར།
༄༅། །ལྕམ་སྐུ་ནེན་སི་པི་ལོ་སི་ Nancy Pelosi མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་བཅས་ཆབ་སྲིད་ཚོགས་པ་ཐུན་མོང་ལས་གྲུབ་པའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བལ་ཡུལ་དུ་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༨ ཉིན་ཕེབས་ནས་ཁུལ་དེའི་འཇོ་ལ་ཁེལ་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་གནང་འདུག
སྐབས་དེར་ས་གནས་བོད་མིའི་འབྲེལ་མཐུད་པ་དང་བོད་མི་མང་སྤྱི་འཐུས་རྣམ་པས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག
དེ་ཡང་འཚམས་གཟིགས་ཀྱི་དགོས་དམིགས་གཙོ་བོ་ས་གནས་བོད་མིའི་བདེ་སྡུག་ལ་གཟིགས་ཞིབ་ཆེད་ཡིན་པ་དང་། ལྷག་པར་བལ་ཡུལ་ནང་གི་བོད་མི་བཙན་བྱོལ་བ་ཚོར་བལ་ཡུལ་གཞུང་གིས་སྐྱབས་བཅོལ་ལག་འཁྱེར་དང་སྡོད་ཁང་ལག་འཁྱེར་སོགས་མ་སྤྲད་པའི་དཀའ་ངལ་དེ་དག་གསལ་རྟོགས་སླད་ཕེབས་པ་ཡིན་སྐོར་ལྕམ་སྐུ་པེ་ལོ་སི་མཆོག་གིས་གསུངས། སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམས་ཐེངས་འདིར་བལ་ཡུལ་ནང་གི་བོད་མིའི་དགོན་སྡེ་དང་གཞིས་ཆགས་ཀྱི་ལག་ཤེས་བཟོ་ལས་ཁང་སོགས་ནང་འཚམས་གཟིགས་གནང་ཡོད་པ་བཅས།།