༢༠༡༧ ཟླ་ ༥ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༣༠ ཉིན་རྡ་སའི་ཉེ་འདབས་སུ་ཡོད་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་རིགས་སློབ་མ་ལག་གཉིས་ཀྱི་བསླབ་པ་མཐར་སོན་པའི་བཀྲ་ཤིས་པའི་རྟེན་འབྲེལ་གྱི་མཛད་སྒོ་གཟབ་རྒྱས་ངང་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས། ཤེས་རིག་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས། ཤེས་རིག་དྲུང་ཚབ་ཀརྨ་སེངྒེ་ལགས། རིགས་ལམ་སློབ་གཉེར་ཁང་དང་ས་རཱ་མཐོ་སློབ་ཀྱི་འགན་འཛིན་སྤྱི་ཟུར་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས། གཞན་ཡང་བཞུགས་སྒར་ཁུལ་གྱི་གནད་ཡོད་མི་སྣ་དང་ཆོས་སྡེ་ཁག་གི་སྐུ་ཚབ། དེ་བཞིན་ས་རཱ་མཐོ་སློབ་ཀྱི་དགེ་སློབ་སོགས་འདུ་འཛོམས་བྱུང་བའི་དབུས་སུ་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གདན་ཞུས་ཀྱིས་ཞབས་སྟེགས་སྟེང་ཞབས་སོར་བདེ་བར་འཁོད་བསྟུན། སློབ་ཕྲུག་རྣམས་ནས་སྨོན་ལམ་གསུང་འདོན་དང་རྟེན་འབྱུང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།
དེ་རྗེས་རིགས་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་སྤྱི་ཟུར་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་ཀྱིས་བསླབ་པ་མཐར་སོན་གྱི་མཛད་སྒོའི་ཕེབས་བསུ་དང་ངོ་སྤྲོད་གསུང་བཤད་གནང་། དེ་ནས་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས་ལས་བསྡོམས་སྒྲོགས་སྦྱང་ཞུས་རྗེས་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་དང་ཆོས་རིག་བཀའ་བློན་མཆོག་གིས་སློབ་དཔོན་དང་དབུ་མ་རབ་འབྱམས་པ། ཕར་ཕྱིན་རབ་འབྱམས་པའི་བསླབ་པ་མཐར་སོན་གྱི་སློབ་མ་རྣམས་ལ་ཕྱག་ཁྱེར་གནང་། བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་ས་རཱ་མཐོ་སློབ་ཏུ་མ་འོངས་བོད་མིའི་སྒྲིག་འཛུགས་མ་ལག་ནང་སྲི་ཞུའི་ལས་བྱེད་ཀྱི་དམིགས་སྒོར་སྔོན་འགྲོའི་འོས་སྦྱོང་བ་རྣམས་ལ་ཕྱག་ཁྱེར། ཤེས་རིག་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་ཀྱིས་སྐབས་བཅུ་དྲུག་པའི་མཐོ་རིམ་རིག་གནས་རབ་འབྱམས་པའི་བསླབ་པ་མཐར་སོན་གྱི་སློབ་མ་རྣམས་ལ་ཕྱག་ཁྱེར་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་རྗེས། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ཐོག་མར་བསླབ་པ་མཐར་སོན་པ་རྣམས་ལ་འཚམས་