༢༠༡༧ ཟླ་ ༥ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༥ ནས་ ༧ བར་ཉིན་གྲངས་གསུམ་རིང་ལ་ཏི་ཝི་ཡའི་ཡུལ་ Latvia གྱི་རྒྱ་ས་རི་གའི་ Riga ནང་ཡུ་རོབ་ས་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལྷན་འཛོམས་ཐོག་ཚོགས་འདུ་གཟབ་རྒྱས་ངང་ལེགས་གྲུབ་བྱུང་འདུག དེ་ཡང་ལྷན་ཚོགས་གོ་སྒྲིག་གནང་མཁན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་ International Tibet Network ཡིན་འདུག
ཐེངས་འདིའི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཚོགས་འདུ་དེར་ཡུ་རོབ་རྒྱལ་ཁབ་ཁག་ ༢༡ ནས་ཁྱོན་བསྡོམས་བོད་དོན་རྒྱབ་སྐྱོར་བ་མི་གྲངས་ ༥༥ ཙམ་མཉམ་ཞུགས་གནང་ཡོད་པ་དང༌། ཚོགས་འདུའི་དམིགས་ཡུལ་ནི། བོད་དོན་རྒྱབ་སྐྱོར་ཚོགས་པ་ནང་ཁུལ་འབྲེལ་བ་ཤུགས་ཆེ་རུ་བཏང་ནས་ཐུན་མོང་ཐོག་ལས་འགུལ་གསར་པ་ཇི་ལྟར་སྤེལ་དགོས་པའི་སྲིད་བྱུས་དང་ཐབས་ལམ་འཚོལ་རྒྱུ་དཔེར་ན། ལོ་འདིར་བོད་མིའི་སྒྲིག་འཛུགས་ཀྱི་ལས་འགུལ་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད་སྟབས་རྒྱབ་སྐྱོར་ཚོགས་པ་ཚོས་དེའི་ཐོག་ཕྱར་བ་གྲུ་འདེགས་ཇི་ལྟར་གནང་དགོས་མིན་སོགས་ཀྱི་ཐོག་ཕན་ཚུན་བསམ་ཚུལ་བརྗེ་ལེན་དང་སྦྱོང་བརྡར་གནང་རྒྱུ་སོགས་ཡིན་འདུག
དེ་ཡང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་འཛིན་སྐྱོང་འགན་འཛིན་ལྕམ་ཨེ་ལི་སོན་རེ་ནོལ་ཌི་Alison Reynolds མཆོག་གིས་ཚོགས་འདུ་དབུ་འབྱེད་གནང་བ་དང་། ལ་ཏི་ཝི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཇ་ནིས་མར་ཊིན་སུ་ཀུ་ཇ་ Janis Martins Skuja ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་། སྐབས་དེར་ཡུ་རོབ་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་བྱམས་པ་ཚེ་རིང་ལགས། ཨིན་ཡུལ་སྐུ་ཚབ་དོན་གཅོད་ཆོས་འཕེལ་ཚེ་རིང་ལགས། ཕྱི་དྲིལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་བསོད་ནམས་བཟང་མོ་ལགས་བཅས་མཉམ་ཞུགས་གནང་ཡོད།
ཕྱི་དྲིལ་ལས་ཁུངས་ཀྱི་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་པ་བསོད་ནམས་བཟང་མོ་ལགས་ཀྱིས་སྔ་ལོར་སྦེལ་ཇམ་གྱི་རྒྱལ་ས་སྦར་སེལ་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་ལམ་ལྷོང་ལྡན་པའི་ངང་བསྐོང་ཚོགས་གནང་ཐུབ་ཡོད་སྐོར་དང་། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཕྱི་ལོ་ ༢༠༡༧ ལོ་འདི་བོད་དོན་ལས་འགུལ་གྱི་ལོར་སྲུང་བརྩི་ཞུ་རྒྱུ་མ་ཟད། ཕྱི་ལོ་ ༢༠༡༨ ལོར་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་གཏན་འཁེལ་བ་ལྟར་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་སྔར་ལྷག་ནུས་པ་དང་གྲུབ་འབྲས་ལྡན་པའི་ལས་འགུལ་སྤེལ་གནང་ཡོང་བའི་འབོད་སྐུལ་ཞུས་པ་དང་སྦྲགས། དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ཞིབ་རྒྱས་ངོ་སྤྲོད་གནང་ཡོད།
ལྷན་ཚོགས་ཉིན་གཉིས་པའི་སྐབས་ལ་ཏི་ཝི་ཡའི་ཡུལ་གྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མར་ཊིན་སིག་ Mr Martins Sics མཆོག་གིས་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་གནང་ཡོད་པ་བཅས།།