༢༠༡༧ ཟླ་ ༥ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༣༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བླ་ོབཟང་སེངྒེ་མཆོག་ནིའུ་ཛི་ལེན་ཌི་ New Zealand ཁུལ་དུ་ཉིན་གྲངས་བཞིའི་རིང་གཞུང་འབྲེལ་འཚམས་གཟིགས་ཆེད་ཕེབས་འབྱོར་གནང་ཡོད། སྐབས་དེར་སྐུ་ཚབ་དོན་གཅོད་མཚོ་སྒོ་ལྷག་པ་ལགས་ལྷན་བཅར་ཞུས་འདུག
དེ་ཡང་སྲིད་སྐྱོང་མཆོག་གནམ་ཐང་དུ་ཕེབས་འབྱོར་སྐབས་ནིའུ་ཛི་ལེན་ཌི་གཞུང་གི་འབྲེལ་མཐུད་པ་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ཐུབ་བསྟན་སྐལ་བཟང་ལགས་དང་། ནིའུ་ཛི་ལེན་ཌི་བོད་རིགས་ཚོགས་པའི་ཚོགས་གཙོ་རིན་ཆེན་དོན་གྲུབ་ལགས། དགེ་བཤེས་སངས་རྒྱས་ལགས་ཀྱིས་གཙོས་ཆོས་ཚོགས་ཀྱི་ཚོགས་མི་རྣམ་པ། ཁུལ་དེར་གནས་སྡོད་བོད་མི་བཅས་ཀྱིས་སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་བཞིན་སྲིད་སྐྱོང་མཆོག་ནིའུ་ཛི་ལེན་ཌིར་ཕེབས་འབྱོར་སྐབས་ནིའུ་ཛི་ལེན་ཌི་རྒྱལ་ཡོངས་བརྙན་འཕྲིན་ལས་ཁང་ National TV Channel 1 ཞེས་པའི་བཅར་འདྲིར་དང་ལེན་ཞུས་པ་དེ་ཕྱི་དྲོར་ནིའུ་ཛི་ལེན་ཌི་རྒྱལ་ཡོངས་བརྙན་འཕྲིན་ནང་རྒྱང་སྲིང་ཞུས་ཡོད།
ཡུལ་དེའི་གྲོང་ཁྱེར་ཨོཀ་ལེན་ཌི་བོད་རིགས་ཚོགས་པས་ཕེབས་བསུའི་གསོལ་སྟོན་སྐབས་སྲིད་སྐྱོང་མཆོག་གིས་བོད་མི་རྣམས་ལ་གསུང་བཤད་དང་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་། སྐབས་དེར་གྲོང་ཁྱེར་གྱི་ཉེ་འཁྲིས་སུ་ཡོད་པའི་གྲོང་ཁྱེར་ཁག་གཞན་ནང་གནས་སྡོད་བོད་མི་མང་དག་གཅིག་ཀྱང་ཕེབས་འདུག
སྐབས་དེར་སྲིད་སྐྱོང་མཆོག་གིས་སྐབས་ ༡༥ བཀའ་ཤག་གི་ལྔ་དང་ལྔ་བཅུའི་ཐབས་བྱུས་དང་། བོད་ཕྲུག་རྣམས་ཀྱི་ཤེས་ཡོན་གོང་མཐོར་གཏོང་རྒྱུའི་གལ་གནད། བོད་མིའི་འཐབ་རྩོད་རྒྱུན་གནས་ཐུབ་ཐབས་སུ་བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་དགོས་གལ། བོད་རྒྱ་ཞི་མོལ་གྱི་གནས་སྟངས་སྐོར། བོད་ནང་ཆབ་སྲིད་ཀྱི་འཕོ་འགྱུར། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་རྩ་མེད་གཏོང་ཐབས་སུ་རྒྱ་ནག་གིས་དམ་བསྒྲགས་ཅན་གྱི་སྲིད་བྱུས་འཛིན་བཞིན་པའི་སྐོར། བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་གནད་དོན་གསལ་ཐབས་སུ་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཤར་བསྐྱོད་བྱ་རྒྱུར་ཆོད་སེམས་བརྟན་པོ་ཡོད་སྐོར་ནན་བརྗོད་གནང་ཡོད།
ཕྱི་ཚེས་ ༢ ཉིན་སྲིད་སྐྱོང་མཆོག་ནུའི་ཛི་ལེན་ཌིའི་གྲོང་ཁྱེར་ཌུ་ནི་ཌན་དུ་ཕེབས་རྒྱུ་དང་། ཕྱི་ཚེས་ ༣ ཉིན་ཝེ་ལིངྒ་ཊོན་ Wellington དུ་ཕེབས་རྒྱུ་ཡིན་འདུག ཝེ་ལིངྒ་ཊོན་དུ་སྲིད་སྐྱོང་མཆོག་ནིའུ་ཛི་ལེན་ཌིའི་གྲོས་ཚོགས་སུ་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Gareth Hughes ལགས་ཀྱིས་གོ་སྒྲིག་ཞུས་པའི་ཉིན་གུང་ཇ་སྟོན་དུ་གདན་ཞུས་ལྟར་ཕེབས་རྒྱུ་དང་།
སྐབས་དེར་ནིའུ་ཛི་ལེན་ཌིའི་གྲོས་ཚོགས་འཐུས་མི་ཡོངས་རྫོགས་ལ་སྲིད་སྐྱོང་མཆོག་དང་མཇལ་འཕྲད་ཆེད་མགྲོན་འབོད་གནང་ཡོད། དེ་བཞིན་དེ་ཉིན་སྲིད་སྐྱོང་མཆོག་ཝེ་ལིངྒ་ཊོན་གཙུག་ལག་སློབ་གཉེར་ཁང་དུ་དུས་རབས་ ༢༡ ནང་བོད་ཀྱིས་ཆབ་སྲིད་དང་། ཁོར་ཡུག རིག་གཞུང་བཅས་ཀྱི་ཐོག་གདོང་ལེན་བྱེད་དགོས་པའི་གནད་དོན་ Tibet in the 21st Century: Political, environmental and cultural challenges ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག་པ་བཅས།།