༢༠༡༧ ཟླ་ ༥ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་བཀའ་བློན་རྣམ་པ་ཕྱོགས་མཐའི་གཞིས་ཆགས་ཁག་ཏུ་ས་བགོས་ཕྱོགས་ཕེབས་ལས་གཞི་ལྟར། ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢ ནས་ ༧ བར་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལ་དང་བོན་གཞིས་ཌོ་ལན་ཇི་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད།
དེ་ཡང་བཀའ་བློན་མཆོག་ཕྱི་ཚེས་ ༢ ཉིན་སིམ་ལ་ས་གནས་སུ་ཕེབས་འབྱོར་སྐབས་སིམ་ལ་བོད་མིའི་ས་གནས་འགོ་འཛིན་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན། ས་གནས་རང་བདེན་ཚོགས་ཆུང་གི་ཚོག་གཙོ། དགོན་སྡེ་ཁག་གི་སྐུ་ཚབ་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
ཕྱི་ཚེས་ ༣ ཉིན་ས་གནས་འགོ་འཛིན་གྱིས་ལས་རིམ་གོ་སྒྲིག་ཞུས་པ་ལྟར། བཀའ་བློན་མཆོག་གིས་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝམ་ལྕོག་སྒར་ཆོས་འཁོར་རྣམ་རྒྱལ་གླིང་དུ་སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་སྐུ་གདུང་ལ་མཆོད་འབུལ་དང་དགོན་པའི་མཁན་པོ་དང་འབྲེལ་ཡོད་ལས་བྱེད་དང་ཐུག་འཕྲད་གནང་རྗེས་དབྱངས་ཅན་དགའ་ཚལ་གླིང་བོད་མིའི་གཞིས་ཆགས་དང་བཟོ་གྲྭ་བཅས་སུ་འཚམས་གཟིགས་གནང་།
ཉིན་རྒྱབ་བཀའ་བློན་མཆོག་གི་བཟོ་གྲྭའི་ཚོགས་ཁང་ནང་མི་མང་ཡོངས་ལ་གཞིས་ཆགས་སྲ་བརྟན་དང་། བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ། བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཐབ་བྱུས། བུད་མེད་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས་གཏན་འབེབས་གནང་ཕྱོགས་ཀྱི་བྱུང་རིམ་དང་། ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༢ ཉིན་བཀའ་ཤག་གིས་གསུམ་པའི་བཅུ་གཉིས་ཉིན་བོད་ཀྱི་བུད་མེད་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་གནང་ཡོད་སྐོར་ངོ་སྤྲོད་གནང་བ་མ་ཟད། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཕྱི་ལོ་ ༢༠༡༧ ལོར་ལས་འགུལ་གྱི་ལོ་དང་། ཕྱི་ལོ་ ༢༠༡༨ ལོར་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུའི་རྒྱུ་མཚན་དང་ལས་རིམ་ཁག་ངོ་སྤྲོད་དང་མང་ཚོགས་ཀྱི་དྲི་བར་ལན་འདེབས་ཞིབ་ཕྲ་གནང་ཡོད།
ཕྱི་ཚེས་ ༤ ཉིན་བཀའ་བློན་མཆོག་སིམ་ལ་གཏན་སློབ་ཏུ་འཚམས་གཟིགས་དང་དགེ་ལས་སློབ་ཕྲུག་ཡོངས་ལ་གསུང་བཤད་གནང་རྗེས་དཔལ་ལྡན་རྒྱལ་བ་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་གླིང་དང་རྒས་གསོ་ཁང་། རང་བཙན་གཞིས་གྲོང་བཅས་སུ་འཚམས་གཟིགས་གནང་གྲུབ་བསྟུན་ས་གནས་འགོ་འཛིན་ལས་ཁུངས་སུ་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན། ས་གནས་འགོ་འཛིན། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། དགོན་སྡེ་ཁག་གི་སྐུ་ཚབ། བཟོ་གྲྭའི་འགན་འཛིན། ཡན་ལག་སྨན་རྩིས་ཁང་གི་ལས་བྱེད། དེ་བཞིན་ཚོགས་སྡེ་ཁག་གི་སྐུ་ཚབ་དང་ལྷན་བཞུགས་མོལ་ཚོགས་འདུ་ཚོགས་ཡོད། ཕྱི་ཚེས་ ༥ ནས་ ༧ བར་བཀའ་བློན་མཆོག་བོན་གཞིས་ཌོ་ལན་ཇིར་འཚམས་གཟིགས་གནང་རྒྱུ་ཡིན་པ་བཅས།།