༢༠༡༧ ཟླ་ ༤ ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༦ ཉིན་རུ་སོག་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་། བོད་སྐྱོབ་དགེ་རྩ་ཆོགས་པ་ཐུན་མོང་གི་གོ་སྒྲིག་འོག ཨུ་རུ་སུའི་རྒྱལ་ས་མོ་སི་ཁོའི་ནང་ཡོད་པའི་ས་ཁ་རོབ་འགྲེམས་སྟོན་བསྟི་གནས་ཁང་ Sakharov centers exhibition དུ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད།
སྐབས་དེེར་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས། དེ་རིང་གི་ཉིན་མོ་འདི་ནི་ང་ཚོ་ཚང་མར་དགའ་སྐྱོ་ཟུང་འབྲེལ་གྱི་ཉིན་མོ་ཞིག་ཆགས་ཡོད། དགའ་འོས་པ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྤྲུལ་དུ་ངོས་འཛིན་མཛད་པ་དང་། གཞན་ཡང་ཡིད་སྐྱོ་དགོས་པ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་ནས་ཉིན་གསུམ་ལས་མ་སོང་བར་རྒྱ་ནག་གཞུང་གིས་དགུང་ལོ་ ༦ ལ་སོན་པའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་བར་བརྟེན། ཁོང་འཛམ་གླིང་ནང་གི་ཆབ་སྲིད་བཙོན་པ་དགུང་ལོ་ཆུང་ཤོས་ཆགས་ཡོད། དུས་དེ་ནས་བཟུང་ཡང་སྤྲུལ་མཆོག་ས་གནས་གང་དུ་ཡོད་མེད་དང་གནས་སྟངས་ཇི་ཡིན་སྐོར་རྒྱ་ནག་གཞུང་གིས་གསལ་བཤད་གང་ཡང་བྱས་མེད། དེར་བརྟེན་ང་ཚོ་ཚང་མས་རིན་པོ་ཆེ་མཆོག་ས་གནས་གང་དུ་ཡོད་ཀྱང་སྐུ་ཁམས་གསལ་ཐང་ངང་སྐུ་འཚོ་བཞུགས་མཛད་བཞིན་ཡོད་པའི་སྨོན་འདུན་དང་སྦྲགས། རིན་པོ་ཆེ་མཆོག་མགྱོགས་མྱུར་རྒྱའི་བཙོན་འོག་ནས་གློད་བཀྲོལ་ཡོང་བའི་རེ་སྨོན་ཞུ་བཞིན་ཡོད། ཅེས་གསུངས།
གཞན་ཡང་སྐབས་དེར་བོད་སྐྱོབ་དགེ་རྩ་ཆོགས་པས་རུ་སོག་སྐད་ཡིག་ཐོག་ཕབ་སྒྱུར་གནང་བའི་ Tibet’s stolen child ཞེས་པའི་དངོས་འབྱུང་གློག་བརྙན་ཞིག་བསྟན་ཡོད་པ་བཅས། །