ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་འགྲེམས་སྟོན་ཚན་པ་དང་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་། དེ་བཞིན་རྒྱ་གར་གྱི་རྒྱལ་སྤྱིའི་བསྟི་གནས་ཁང་། ཞེས་པ་བཅས་མཉམ་འབྲེལ་ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་དུ་བདུན་ཕྲག་གཅིག་རིང་བོད་ནང་གི་རིག་གནས་གསར་བརྗེ་ལ་བསྐྱར་བལྟ་ Revisiting the Cultural Revolution in Tibet ཞེས་བོད་ནང་གི་རིག་གནས་གསར་བརྗེ་སྐབས་ཀྱི་གནས་སྟངས། དེས་བོད་མིའི་ཆོས་དང་རིག་གཞུང་སོགས་ལ་ཉམས་ཆག་དང་གཏོར་བཤིག་ཇི་འདྲ་བཏང་བའི་སྐོར། དེང་སྐབས་ཀྱང་བོད་ནང་རིག་གནས་གསར་བརྗེ་བསྐྱར་གསོ་ཇི་ལྟར་བྱེད་བཞིན་པ་སོགས་པར་རིས་ཀྱི་ལམ་ནས་འགྲེམས་སྟོན་གནང་འདུག
དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་འགྲེམས་སྟོན་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་རྒྱ་གར་གཞུང་གི་ཕྱི་སྲིད་བློན་ཆེན་ཟུར་པ་སྐུ་ཞབས་ཡ་ཤི་ཝནྟ་སིནྷ་ Shri. Yashwant Sinha མཆོག་གིས་པར་རིས་འགྲེམས་སྟོན་དབུ་འབྱེད་གནང་ཡོད་ཅིང་། སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག ལྡི་ལི་དོན་ཁང་གི་དྲུང་ཆེ་ཚེ་དབང་རྒྱལ་པོ་ལགས། དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས། རྒྱ་གར་གྱི་རྒྱལ་སྤྱིའི་བསྟི་གནས་ཁང་གི་ངེས་སྟོན་པ་ན་རེ་ཤི་ཝར་མ་ Air Marshal Naresh Verma ལགས། གསར་འགོད་པ་བཅས་ཚོགས་འཛོམས་གནང་ཡོད། དབུ་འབྱེད་མཛད་སྒོ་དེ་བཞིན་ཕྱི་དྲིལ་ལས་ཁུངས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་སྐལ་ལྡན་མཚོ་ལགས་ཀྱིས་གཙོ་སྐྱོང་གནང་ཡོད།
སྐབས་དེར་སྐུ་མགྲོན་གཙོ་བོ་མཆོག་གིས་འགྲོ་བ་མིའི་ལོ་རྒྱུས་ཁྲོད་བོད་ནང་བྱུང་བའི་རིག་གནས་གསར་རྗེས་ལྟ་བུ་རིག་གཞུང་གཏོར་བཤིག་བཏང་བ་དེ་འདྲ་དེ་སྔ་བྱུང་མྱོང་མེད། འགྲོ་བ་མིའི་སྙིང་སྟོབས་ལ་འགྱུར་བ་གཏོང་རྒྱུ་ཁག་པོ་ཡིན་པ་བོད་མིའི་འཐབ་རྩོད་དེས་གསལ་སྟོན་བྱས་ཡོད། བོད་མིའི་འཐབ་རྩོད་གསོན་པོ་གནས་ཆེད་རྒྱ་གར་གཞུང་མང་གཉིས་ནས་རྒྱབ་སྐྱོར་བརྟན་པོ་ཡོད་སྐོར་གསུངས་པ་དང་འབྲེལ་བོད་མི་རྣམས་ཀྱི་བློས་གཏོང་ཆུད་ཟོས་སུ་འགྲོ་རྒྱུ་མིན་པ་དང་། བོད་མི་རྣམས་ལ་བདེ་སྐྱིད་ཀྱི་ཉི་མ་འཆར་རྒྱུའི་ཡིད་ཆེས་ཡོད་སྐོར་གསུངས་འདུག
དེ་བཞིན་ཁོང་གིས་༸གོང་ས་ཏཱ་ལའི་བླ་མཆོག་ཕྱི་ཟླ་ ༤ ཚེས་ ༤ ཉིན་རྒྱ་གར་གྱི་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ཆིབས་སྒྱུར་ཐད་རྒྱ་ནག་ནས་དགག་པ་བརྒྱབ་པ་དེའི་ཐོག་གསུང་དོན། རྒྱ་ནག་གིས་ང་ཚོར་༸གོང་ཏཱ་ལའི་བླ་མ་མཆོག་རྒྱ་གར་ནང་ས་གནས་གང་དུ་ཆིབས་སྒྱུར་བསྐྱང་ཆོག་མིན་ཐད་བྱུས་ཏོག་མེད། ཅེས་གསུངས།
སྐབས་དེར་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་དོན། འདས་པའི་ལོ་ངོ་བཞི་བཅུའི་གོང་རིག་གནས་གསར་བརྗེ་མཇུག་སྒྲིལ་ཟིན་སྐོར་ཤོད་བཞིན་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་མཁྲེགས་བཟུང་གི་སྲིད་བྱུས་ལག་བསྟར་བྱས་ཏེ་བོད་ཀྱི་འདས་ད་ལྟ་མ་འོངས་ནག་གསུབ་གཏོང་ཐབས་བྱེད་བཞིན་ཡོད་པ་གསལ་པོ་རེད། ཅེས་གསུངས།
དེ་ནས་དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་གསུང་བཤད་གནང་དོན། རིག་གནས་གསར་བརྗེ་ནི་རྒྱ་ནག་གི་ལོ་རྒྱུས་ནང་དུ་ནང་ཐིག་ཆེན་པོ་ཞིག་ཆགས་ཡོད་པ་མ་ཟད་དེ་ནག་སུབ་གཏང་ཐབས་ཀྱང་མེད། ད་ལྟ་ཡིན་ནའང་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གཏོར་བཤིག་བཏང་བའི་ལས་འགུལ་མཚོན་པས་རིག་གནས་གསར་བརྗེའི་ལས་འགུལ་མུ་མཐུད་འགྲོ་བཞིན་ཡོད།
དེང་སྐབས་རྒྱ་ནག་གིས་གཅིག་སྡུད་རིང་ལུགས་ཀྱི་འཆར་སྣང་ལས་གྲོལ་ཐབས་གང་ཐུབ་བྱེད་བཞིན་ཡོད་ཀྱང་། མི་སྒེར་གྱི་རང་དབང་དང་ཆོས་སྡེ་ཁག་ནི་རྒྱ་ནག་དམར་ཤོག་མུ་མཐུད་གསོན་གནས་ཐད་ཉེན་ཚབས་ཆེན་པོར་ངོས་འཛིན་བྱེད་བཞིན་ཡོད། དེ་ལྟ་བུའི་འཇིགས་སྣང་རྐྱེན་པས་ཁ་ཆེའི་ཆོས་ལུགས་ཀྱི་རམ་ཛཱན་ Ramadan ཟླ་བ་སྲུང་བརྩི་ཞུ་བར་ཁ་ཆེ་ཆོས་ཞུ་བ་རྣམས་ལ་དམ་བསྒྲགས་ཤུགས་ཆེ་བྱས་པ་དང་། དེ་བཞིན་ཡེ་ཤུའི་ལྷ་ཁང་སོགས་རྩ་མེད་བཏང་བ། གཞན་ཡང་བོད་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏང་བཞིན་ཡོད། འགྲེམས་སྟོན་འདིས་བརྒྱུད་རིག་གནས་གསར་བརྗེ་སྐབས་བོད་མི་རྣམས་བཟོད་ཐབས་བྲལ་བའི་དཀའ་སྡུག་མྱོང་བ་དེ་དག་དྲན་གསོ་བྱེད་བཞིན་ཡོད་ཀྱང་། ཕྱོགས་ལེགས་པའི་ཐོག་གཞིས་བཞུགས་བོད་མི་རྣམས་ནས་བོད་ཀྱི་ཐུན་མིན་རིག་གཞུང་རྒྱུན་གནས་ཐུབ་ཐབས་ཀྱི་སེམས་ཤུགས་ལ་བརྟེན་ནས་བོད་ཀྱི་བདེན་མཐའ་ཞི་བའི་ལམ་ནས་སེལ་ཐབས་ཡོང་བའི་རེ་བ་མུ་མཐུད་གནས་ཡོད། ཅེས་གསུངས།
ཐེངས་འདིའི་པར་རིས་འགྲེམས་སྟོན་དུ་རིག་གནས་གསར་བརྗེ་དང་འབྲེལ་བའི་འདྲ་པར་ཁག་ ༤༥ ཡོད་པ་དེ་དག་སྡེ་ཚན་ཁག་བདུན་དུ་དབྱེ་ཡོད་པ་ནི། རིག་གནས་གསར་བརྗེ་ཐོག་མ་འགོ་འཛུགས་སྐབས་དང་། འཐབ་འཛིང་བཏང་བ། མིང་སྒྱུར།ལྷ་སྲུང་གསར་བཟོ། དགོན་སྡེ་གཏོར་བཤིག་དང་ བོད་ནང་རིག་གནས་གསར་བརྗེ་བསྐྱར་གསོ་བཅས་ཡིན་འདུག པར་རིས་དེ་དག་གིས་ཕྱི་ལོ་ ༡༩༦༦ ནས་ ༡༩༧༦ བར་བོད་ནང་རིག་གནས་གསར་བརྗེའི་མིང་ཐོག་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་ཇི་ལྟར་བཏང་བ་མཚོན་ཐུབ།།