༢༠༡༧ ཟླ་ ༤ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དཔལ་རི་བོ་དགེ་ལྡན་པའི་རིང་ལུགས་འཛིན་པའི་བསྟན་འཛིན་གྱི་སྐྱེས་ཆེན་ཡོངས་དང་། དཔལ་ལྡན་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་མཁན་ལས་འདུས་སྡེ་ལྷན་རྒྱས་རིན་པོ་ཆེར།
ཆེད་ཞུ། ཤིན་ཏུ་ཡིད་སྐྱོའི་གནས་ཚུལ་ཤེས་རྟོགས་བྱུང་གསལ་ལ། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༣ རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ཡུན་རིང་བསྙུན་བཞེས་མཐར་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༡ མེ་བྱ་ཧོར་ཟླ་ ༢ ཚེས་ ༢༥ མཚན་མོ་ཆུ་ཚོད་ ༡༡ དང་སྐར་མ་ ༤༥ ཐོག་རྒྱ་གར་རྒྱལ་ས་ལྡི་ལིའི་སྨན་ཁང་མེག་སི་ (Max hospital) རུ་དགོངས་པ་གཞན་དོན་དུ་གཤེགས་ཚུལ་བསྟན་པ་འདི་ནི་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་། ཡང་སྒོས་མཉམ་མེད་རི་བོ་དགེ་ལྡན་པའི་བསྟན་པར་ཤིན་ཏུ་ཕངས་པའི་གནས་སུ་གྱུར་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡིད་གདུང་དྲག་པོ་བྱུང་ཞིང་།
དེ་ཡང་སྐྱེས་མཆོག་དམ་པ་དེ་ཉིད་ནི་ཕྱི་ལོ་ ༡༩༣༧ ལོར་བོད་ཁམས་ཡ་རར་སྐུ་འཁྲུངས་ཤིང་། ཆུང་དུས་ནས་ཡ་ར་ཚེམ་དགོན་པར་རབ་ཏུ་བྱུང་སྟེ་དགུང་ལོ་ ༡༦ ཐོག་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་ཁག་ལ་གསན་བསམ་རྒྱ་ཆེ་མཛད།
ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་ནས་སྦག་ས་ཆོས་སྒར་དུ་སློབ་གཉེར་མུ་མཐུད་གནང་བ་མ་ཟད། དེ་རྗེས་རྒྱ་གར་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་ཡ་གྱལ་འབྲས་སྤུངས་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་སྒྲིག་ཁོངས་སུ་ཞུགས་ནས་མུ་མཐུད་ནང་པའི་གཞུང་ཆེན་ཁག་ལ་སློབ་གཉེར་མཛད་པ་སོགས་མཁས་པའི་མཚན་བཞེས་རིམ་པ་བསྐྱངས་ཐོག དགེ་བཤེས་ལྷ་རམས་པ་དང་སྔགས་རམས་པའི་མཚན་རྟགས་བཞེས་རྗེས། གསང་ཆེན་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་དང་དེ་རྗེས་ལོ་གསུམ་རིང་རྒྱུད་སྟོད་གྲྭ་ཚང་གི་མཁན་པོའི་ཐུགས་འགན་བཞེས་གནང་ཡོད།
སྐྱེས་ཆེན་དམ་པ་མཆོག་ཕྱི་ལོ་ ༢༠༠༣ ལོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཤར་པ་ཆོས་རྗེའི་མཚན་གནས་བསྩལ་ནས་ལོ་ངོ་ ༡༤ རིང་ཤར་པ་ཆོས་རྗེའི་མཚན་གནས་བཞེས་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༡༠ ཚེས་ ༡༩ ཉིན་དགའ་ལྡན་ཁྲི་ཐོག་ ༡༠༣ པར་བསྐོ་གཞག་གནང་བ་དང་། ཕྱི་ཟླ་ ༡༡ ཚེས་ ༥ ཉིན་དངོས་སུ་ཁྲི་སྟོན་མངའ་གསོལ་ཞུས།
སྐུ་འཚོ་བཞུགས་རིང་སློབ་མ་གྲངས་ཀྱིས་མི་ལངས་པ་རྗེས་སུ་འཛིན་ནས་འདི་ཕྱིའི་ལམ་བཟང་གསལ་བར་མཛད་པ་སོགས་མདོར་ན་འཆད་རྩོད་རྩོམ་པའི་འཕྲིན་ལས་བསམ་ཡུལ་ལས་འདས་པ་བསྐྱངས་ཡོད། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ་དྲན་པར་དཀའ་བའི་མཛད་རྗེས་རླབས་ཆེན་འཇོག་གནང་མཛད་པ་དང་། གཞན་ཕན་ལྷག་བསམ་དང་མཁས་བཙུན་བཟང་གསུམ་གྱི་མཚན་སྙན་ནི་ཡུལ་གྲུ་ཀུན་ཏུ་ཁྱབ་པར་གྱུར་ཏེ་སྐྱེས་ཆེན་དམ་པ་རྣམས་ཀྱིས་བསྟེན་ཅིང་དབུ་ཡི་གཙུག་ཏུ་བཀུར་བའི་སྐྱེས་མཆོག་ཅིག་ཏུ་གྱུར། སྐྱེས་ཆེན་དམ་པ་དེ་ཉིད་དགོངས་པ་ཆོས་དབྱིངས་སུ་གཤེགས་ཚུལ་མཛད་པ་འདི་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ཁྱད་པར་གང་གི་སྐྱོང་ཡུལ་རྣམས་ལ་གོད་ཆག་ཆེན་པོ་བྱུང་བ་ནི་བརྗོད་མ་དགོས་པ་ཞིག་ཡིན། དེར་བརྟེན་ཞིང་གཤེགས་དམ་པའི་གདུལ་ཞིང་སྐྱོང་ཡུལ་སྤྱི་དང་། ཁྱད་པར་འབྲེལ་ཆགས་གྲྭ་ཚང་དང་། སློབ་ཚོགས། སྐུ་འཁོར་ལྟོས་བཅས་ཡོངས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་གསོ་ཞུ་རྒྱུ་དང་། མགོན་པོ་གང་གི་ཐུགས་དགོངས་ཟབ་མོ་རྣམས་ཡོངས་སུ་རྫོགས་ཤིང་། སླར་ཡང་བསྟན་འགྲོའི་མགོན་དཔུང་དམ་པར་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་འཁྲུལ་བྲལ་མྱུར་དུ་འབྱོན་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༤ ལ་
ཕུལ།།