༢༠༡༧ ཟླ་ ༣ ཚེས་ ༡༡ རེས་གཟའ་སྤེན་པ།
༄༅། །བྷེལ་ཇམ་རྒྱལ་ས་སྦར་སེལ་ནང་དུ་རྟེན་གཞི་བྱས་པའི་ཡུ་རོབ་གྲོས་ཚོགས་ European Parliament ནང་བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༥༨ སྲུང་བརྩི་ཞུས་པ་དང་སྦྲགས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་འདུག
དེ་ཡང་ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མ་སི་མན་ Mr. Thomas Mann མཆོག་གིས་བསྒྲགས་གཏམ་ཞིག་སྤེལ་བ་དང་སྦྲགས་གསུང་དོན། ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་ནག་དང་འཛམ་གླིང་ཁྱོན་དུ་གནས་པའི་བོད་མི་ཚོར་རྒྱབ་སྐྱོར་ཤུགས་ཆེ་བྱེད་བཞིན་ཡོད། ང་ཚོས་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཡོད་པའི་གྲོས་ཚོགས་འཐུས་མི་ཙམ་མ་ཟད། ཡུ་རོབ་གྲོས་ཚོགས་ནང་མེད་པའི་གྲོས་ཚོགས་ཁག་གི་ཚོགས་མི་རྣམས་ལ་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཞུ་དགོས་པའི་འབོད་སྐུལ་བྱས་དང་བྱེད་མུས་ཡིན།
ཉེ་ལམ་ལ་མཚོན་ན་ང་ཚོས་ཡུ་རོབ་གྲོས་ཚོགས་ནང་ཚད་མཐོའི་མང་མོས་ཐོག་ནས་གྲོས་ཆོད་བཞག་པ་བརྒྱུད། རྒྱ་ནག་གཞུང་གིས་འཛམ་གླིང་ནང་བོད་བརྒྱུད་ནང་བསྟན་གྱི་བསྟི་གནས་ཁང་ཆེ་ཤོས་སུ་གྲགས་པ་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པ་དེ་དག་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་པ་ཙམ་དུ་མ་ཟད། ལས་འགུལ་དེ་དག་འཕྲལ་མར་མཚམས་འཇོག་བྱེད་དགོས་པའི་རེ་འདུན་ཡང་ཤུགས་ཆེ་བཏོན་ཡོད།
བོད་མི་ཚོར་ཡུ་རོབ་ཀྱི་རྒྱབ་སྐྱོར་དགོས། རྒྱབ་སྐྱོར་དེ་ཡང་མངོན་གསལ་ལྡན་པའི་རྒྱབ་སྐྱོར་ཞིག་དགོས་པ་ལས་མངོན་པར་མི་གསལ་བའི་རྒྱབ་སྐྱོར་གྱི་ཕན་ཐོགས་མེད། སྲིད་གཞུང་ཁག་གཅིག་རྒྱ་ནག་དང་ཚོང་གི་འབྲེལ་ལམ་ལ་དོ་ཕོག་ཡོང་རྒྱུར་ཞེད་སྣང་བྱེད་ནས་སྡོད་བཞིན་ཡོད། འགྲོ་བ་མིའི་ཐོབ་ཐང་དང་ཚོང་གི་ཁེ་སང་གཉིས་བརྗེ་ལེན་བྱ་རྒྱུའི་ལམ་ལུགས་དེ་ཡུ་རོབ་ཀྱི་བཟང་སྤྱོད་མིན། ཞེས་སོགས་ཀྱི་གསུང་བཤད་གནང་།
དེ་ཉིན་བོད་མི་ ༣༠༠ བརྒལ་བ་དང་ཡུ་རོབ་མི་མང་བོད་དོན་རྒྱབ་སྐྱོར་གནང་མཁན་བཅས་ཀྱིས་མི་རོ་ཌེ་ Merode ས་གནས་སུ་འཛོམས་ནས་བོད་མིའི་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་ཡོད། ས་གནས་དེ་ནས་ཡོ་རོབ་གྲོས་ཚོགས་རྒྱང་ཐག་ཧ་ཅང་ཉེ། ཕྱོགས་མཚུངས་བྷེལ་འཇམ་ས་གནས་བོད་མི་དང་གཞོན་ནུ་བུད་མེད། ཆུ་བཞི་སྒང་དྲུག་བཅས་ཀྱིས་ལས་འགུལ་སྤེལ་ཡོད། བོད་མིའི་ལས་འགུལ་འདུ་འཛོམས་སྐབས་ཐོག་མར་བོད་ཀྱི་རྒྱལ་གླུ་དབྱངས་སུ་གྱེར་རྗེས་སྐར་མ་གཅིག་རིང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་དང་སྦྲགས་གདུང་སེམས་མཉམ་སྐྱེའི་མྱ་ངན་ངག་བཅད་སྐར་མ་གཅིག་རིང་ཞུས། དེ་རྗེས་སྐུ་མགྲོན་རྣམས་ནས་གསུམ་དུས་གསུང་བཤད་གནང་། སྐབས་དེར་སྦར་སེལ་སྐུ་ཚབ་དོན་ཁང་གི་དྲུང་ཡིག་མཐུ་སྟོབས་རྣམ་རྒྱལ་ལགས་ཀྱིས་སྲིད་སྐྱོང་གི་གསུམ་དུས་གསུང་བཤད་སྒྲོགས་སྦྱང་ཞུས་པ་དང་། སྐུ་ཞབས་ཇོ་ཧ་ནེ་སི་ཨུལ་ཀེ་ Johannes Ulke ལགས་ཀྱིས་སྐུ་ཞབས་ཐོ་མ་སི་མན་ལགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་། ཕྱོགས་མཚུངས་ལྕམ་སྐུ་མི་ལ་ནི་ཡ་བྷོ་ལོན་ཌེལ་ Ms. Melanie Blondelle ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གསུང་བཤད་སྒྲོགས་སྦྱང་གནང་། གཞུང་འབྲེལ་མཛད་སྒོ་གྲུབ་རྗེས་མང་ཚོགས་རྣམས་ས་ཁུལ་དེ་ནས་རྒྱ་ནག་གཞུང་ཚབ་ཁང་གི་ཕྱོགས་སུ་གོམ་འགྲོས་གནང་ནས་མུ་མཐུད་ལས་འགུལ་སྤེལ་འདུག་པ་བཅས།།