ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༣༡ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྟོན་འཁོར་ཧྲག་བསྡུས་དང་བཅས་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༣༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༡༠ ཙམ་ཐོག་བཞུགས་སྒར་རྡ་ས་ནས་ཆིབས་སྒྱུར་བསྐྱངས་ཏེ་ཕྱི་ཟླ་ ༤ ཚེས་ ༡ ཉིན་ཨ་སམ་མངའ་སྡེའི་གསར་ཤོག་ The Assam Tribune ཞེས་པར་ལོ་འཁོར་བདུན་ཅུ་དོན་ལྔ་འཁོར་བའི་མཛད་སྒོའི་སྟེང་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཨ་སམ་མངའ་སྡེའི་གྲོང་ཁྱེར་གྷོ་ཝ་ཧ་ཌིར་རྟེན་གཞི་བྱས་པའི་ The ITA Center for Performing Arts ཞེེས་པའི་ཚོགས་ཁང་དུ་འགྲོ་བ་མི་ཞིག་གིས་འཛམ་གླིང་ཞི་བདེར་དམིགས་པའི་ཐབས་ལམ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་དང་། ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་ཨ་སམ་མངའ་སྡེའི་རྒྱལ་ས་གྷོ་ཝ་ཧ་ཊིའི་གཙུག་ལག་སློབ་གྲྭ་ཆེན་མོའི་ཚོམས་ཆེན་དུ་དེང་གི་དུས་སུ་རྒྱ་གར་གྱི་གནའ་བོའི་ཤེས་ཡོན་གྱི་དགོས་མཁོ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ། དེ་རྗེས་༸གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པའི་དཔེ་དེབ་ཨ་སམ་སྐད་ཡིག་ཐོག་ཕབ་སྒྱུར་ཞུས་པ་དེ་ཉིད་དབུ་འབྱེད་མཛད་རྒྱུ་མ་ཟད། ཨ་སམ་མངའ་སྡེ་དང་རྒྱ་གར་དབུས་གཞུང་ཟུང་འབྲེལ་ཐོག་གོ་སྒྲིག་གནང་བའི་ཡར་ཀླུང་གཙང་པོ་སྲུང་སྐྱོབ་ཀྱི་ལས་འགུལ་ Namami Brahmaputra ཞེས་པའི་མཇུག་སྡོམ་མཛད་སྒོའི་ཐོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་བཀའ་སློབ་སྩལ་རྒྱུ་ཡིན་འདུག
ཕྱི་ཚེས་ ༣ ཉིན་ཨ་སམ་དྷིབ་རུ་གྷར་གཙུག་ལག་སློབ་གྲྭ་ Dibrugarh University ཆེན་མོར་བཀའ་སློབ་སྩལ་རྒྱུ། ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ་ཨ་རུ་ནཱ་ཅལ་མངའ་སྡེའི་ལུམ་ལ་རུ་གསར་དུ་བཞེངས་པའི་སྒྲོལ་མ་ལྷ་ཁང་ལ་རབ་གནས་མཛད་རྒྱུ། ཕྱི་ཚེས་ ༥ དང་ ༦ ཉིན་གྱི་སྔ་དྲོར་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ་དང་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་སྩལ་རྒྱུ། ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་རིག་འཛིན་གདུང་སྒྲུབ་ཀྱི་དབང་སྩལ་རྒྱུ།
ཕྱི་ཚེས་ ༡༠ ཉིན་ཨ་རུ་ནཱ་ཅལ་མངའ་སྡེའི་ཐུབ་གསུང་དར་རྒྱས་གླིང་དུ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ་དང་། བླ་མའི་རྣལ་འབྱོར། སྤྱན་རས་གཟིགས་ཀྱི་རྗེས་གནང་བཅས་ཀྱི་ཆོས་འབྲེལ་སྩལ་རྒྱུ།
ཕྱི་ཚེས་ ༡༡ ཉིན་ཨ་རུ་ནཱ་ཅལ་མངའ་སྡེའི་འབུམ་སྡེ་ལ་ས་གནས་སུ་ཡོད་པའི་་སངས་རྒྱས་ཀྱི་སྐྱེད་ཚལ་ཞེས་པར་སྒྲོལ་དཀར་ཚེ་དབང་གི་ཆོས་འབྲེལ་སྩལ་རྒྱུ། ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོ་ཨ་རུ་ནཱ་ཅལ་མངའ་སྡེའི་ཐུབ་བསྟན་དགའ་ཚལ་གླིང་དུ་གསུང་ཆོས་སྩལ་རྒྱུ་སོགས་ཀྱི་མཛད་འཕྲིན་ཁག་བསྐྱང་རྒྱུ་ཡིན་འདུག །