༢༠༡༧ ཟླ་ ༡ ཚེས་ ༡༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༡ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ ཙམ་ལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ས་ར་སི་ཝེལ་ Dr. Sarah Sewall མཆོག་གི་ལས་ཁུངས་སུ་མཛད་སྒོ་ཞིག་ཚོགས་པ་བརྒྱུད། ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་མེ་ཐིའུ་མེ་ཀ་ཅི་ལགས། ཚོགས་གཞོན་བུ་ཆུང་ཚེ་རིང་ལགས། རྒྱ་རིགས་འབྲེལ་ལམ་དང་བོད་མིའི་ནུས་སྟོབས་གོང་སྤེལ་ལས་འགུལ་ཚོགས་པའི་འགན་འཛིན་ལས་རོགས་བསྟན་ཆོས་རྒྱ་མཚོ་ལགས། རྒྱལ་སའི་མངའ་ཁུལ་གྱི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནམ་མཁའ་བསྟན་འཛིན་ལགས་དང་ལས་བྱེད་པདྨ་ལགས། དེ་བཞིན་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དྲུང་འཕར་ཀུན་དགའ་བཀྲ་ཤིས་ལགས་དང་དྲུང་གཞོན་བསྟན་འཛིན་དབྱིག་གཉེན་ལགས་བཅས་མཛད་སྒོར་མཉམ་ཞུགས་གནང་འདུག དེ་ཡང་ལྕམ་སྐུ་མཆོག་ནི་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༠ ཉིན་ཨ་རིའི་སྤྱི་མང་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པའི་དྲུང་ལས་ཀྱི་ལས་འགན་ཐོག་བསྐོ་བཞག་གནང་འདུག སྤྱིར་མཛད་སྒོ་དེ་དོན་ཁང་གིས་རེ་འདུན་ཞུས་པ་ལྟར་བོད་དོན་དམིགས་བསལ་འབྲེལ་མཐུད་ལས་ཁུངས་ཀྱི་སྐུ་ཞབས་ཊོ་ཌི་སི་ཊེན་ Mr. Todd Stein ལགས་ཀྱིས་ཕྱག་རོགས་གནང་བ་ཞིག་ཡིན་འདུག
མཛད་སྒོའི་སྐབས་ཚོགས་བཅར་བ་ཚང་མས་ལྕམ་སྐུ་ས་ར་སི་ཝེལ་མཆོག་ལ་འཚམས་འདྲིའི་མཇལ་དར་ཕུལ་བ་དང་སྦྲགས། ད་བར་ལྕམ་སྐུ་མཆོག་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ངོ་བོའི་ཐོག་ནས་བོད་དོན་དང་ལྷག་པར་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱལ་སྤྱིའི་ཐོག་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེ་བསྟན་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐེངས་འགའ་ཤས་མཇལ་འཕྲད་ཞུས་པ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་བཞུགས་གར་རྡ་རམ་ས་ལར་ཡང་འཚམས་གཟིགས་གནང་བ་དང་། ལྷག་པར་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བོད་ཀྱི་ལོ་གསར་དུས་སྟོན་སྲུང་བརྩི་ཞུ་རྒྱུ་ཆེད་རྟེན་འབྲེལ་མཛད་སྒོ་ཚོགས་རྒྱུའི་ལམ་སྲོལ་གསར་གཏོད་གནང་བ་བཅས་ལ་བོད་མིའི་སྐུ་ཚབ་དང་རྒྱབ་སྐྱོར་བ་ཚོས་ཐུགས་རྗེ་ཆེ་ཞུས་འདུག
དེ་ཡང་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་ཀྱིས་སྟོན་པའི་སྐུ་ཐང་ཞིག་ལྕམ་སྐུ་སི་ཝེལ་མཆོག་ལ་ཕྱག་རྟགས་སུ་ཕུལ་བ་དང་སྦྲགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་འཚམས་འདྲིའི་གསུང་འཕྲིན་ཞིག་ཕུལ་བ་བརྒྱུད། གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་རྗེས་དྲན་ཞུས་པ་མ་ཟད། ལྕམ་སྐུ་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢༠ ནས་བཟུང་ལས་མཚམས་འཇོག་རྒྱུ་ཡིན་ཡང་འབྱུང་འགྱུར་ལྕམ་སྐུ་མཆོག་ནས་བསླབ་བྱ་ལམ་སྟོན་ཐོབ་ཆེད་མུ་མཐུད་འབྲེལ་ལམ་དམ་འཛིན་ཞུ་རྒྱུ་ཡིན་སྐོར་ཞུས་འདུག
ལྕམ་སྐུ་མཆོག་ནས་ཀྱང་སྐབས་དེར་བོད་མིའི་སྐུ་ཚབ་དང་རྒྱབ་སྐྱོར་བ་རྣམས་ལ་ཕེབས་ཐོན་མཛད་སྒོའི་ཐོག་འཚམས་འདྲི་མཇལ་དར་དང་ཕྱག་རྟགས་སོག་གནང་བར་དགའ་ཚོར་ཆེན་པོས་ཐུགས་རྗེ་ཆེ་གསུངས་པ་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་བོད་དོན་རྒྱབ་སྐྱོར་གྱི་ལས་གཞི་མུ་མཐུད་སྤེལ་རྒྱུ་མ་ཟད། བོད་དོན་རྒྱབ་སྐྱོར་གྱི་མཚོན་རྟགས་དེ་ཡང་མུ་མཐུད་ནས་གནས་རྒྱུ་ཡིན་སྟབས་བོད་མི་ཚོས་སེམས་ཁྲལ་གནང་མི་དགོས་པ་དང་། བཙན་བྱོལ་དུ་ཡོད་པའི་བོད་མིའི་སྤྱི་ཚོགས་ཧྲ་ཏག་ཏག་ཡོད་པ་དེ་དག་གིས་ཕྱོགས་གང་ས་ནས་བོད་མིའི་ཐུན་མིན་ངོ་བོ་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་པ་དེ་ནི་བོད་དོན་རྒྱབ་སྐྱོར་བ་ཚོར་སྙིང་སྟོབས་འཕེལ་གཞི་ཞིག་ཏུ་གྱུར་ཡོད་པ་དང་། ད་ལྟའི་བོད་ནང་གི་དངོས་ཡོད་ཛ་དྲག་གནས་སྟངས་ལ་གཞིགས་ཚེ་ང་ཚོས་བྱས་པ་ལས་བྱ་རྒྱུ་མང་བ་དང་། གྲུབ་འབྲས་སོན་པ་ལས་སོན་རྒྱུ་མང་བ་ལྷག་ལུས་ཡོད་སྐོར་དང་། ལྷག་པར་ང་ཚོའི་བསམ་བློའི་བྱེད་འདོད་པའི་གནད་དོན་ཇི་ཙམ་ཡོད་ཀྱང་གནས་སྟངས་མང་པོ་ཞིག་ཐོག་ནས་རང་འདོད་ལྟར་བྱ་རྒྱུའི་གོ་སྐབས་དང་མཐུན་རྐྱེན་མེད་སྟབས་སྐབས་རེ་གང་དྲག་བསམ་པའི་སེམས་ནང་དངངས་འཚབ་རིགས་འབྱུང་བཞིན་ཡོད་ཀྱང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་དང་ཐུགས་རྗེའི་བྱིན་རླབས་ལ་བརྟེན་རང་བཞིན་གྱི་ལས་དོན་དེ་དག་ལ་ཕན་ཐོགས་དང་སེམས་ཤུགས་མུ་མཐུད་གནས་ཐུབ་པ་ཞིག་ཡོང་ཐུབ་བཞིན་ཡོད་སྐོར་གསུངས།
ཕྱོགས་མཚུངས་ལྕམ་སྐུ་མཆོག་གིས་སྐབས་དེར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་མཐུན་སྒྲིལ་དང་ཆིག་སྒྲིལ་ལ་བསྔགས་བརྗོད་རྒྱ་ཆེ་གནང་བ་དང་སྦྲགས། སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པའི་འཇོན་ཐང་དང་༸གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་འོག་ཤར་བསྐྱོད་གནང་བཞིན་པར་བརྟེན་ཕུགས་ལ་བོད་མི་རྣམས་ལ་ཁེ་ཕན་ཐོབ་རྒྱུ་དང་། བོད་མི་རྣམས་ཀྱི་བཙན་བྱོལ་བའི་གནས་སྟངས་འོག་འབད་བརྩོན་དང་སེམས་ཤུགས་ལ་བསྟོད་བསྔགས་གནང་བ་དང་སྦྲགས་འབྱུང་འགྱུར་གོ་སྐབས་དང་གདོང་ལེན་བྱེད་དགོས་པའི་གནས་སྟངས་གཉིས་ཀ་མཐོང་རྒྱུ་ཡིན་སྟབས་ང་ཚོ་ཚང་མས་ད་ལྟ་ནས་གྲ་སྒྲིག་དགོས་སྐོར་གསུངས། མཐར་ལྕམ་སྐུ་མཆོག་གིས་སྙིང་སྟོབས་འཕེལ་གཞིའི་བཀའ་མོལ་གསུང་དོན། ཁྱེད་བོད་མི་ཚོས་གང་ཡང་བྱེད་མ་ཐུབ་པ་ནི་བདེན་པ་རྩ་བ་ནས་མ་རེད། ཁྱེད་ཚོས་རྡོག་རྩ་གཅིག་སྒྲིལ་ཐོག་ནས་ཧ་ཅང་མང་པོ་བྱེད་ཐུབ་རྒྱུ་རེད། ད་བར་དཀའ་ངལ་ཧ་ཅང་འཕྲད་ཀྱང་གདོང་ལེན་བྱས་ཐུབ་པ་དེ་ནི་ཁྱེད་ཚོའི་ནུས་སྟོབས་ཀྱི་རྨང་གཞི་ཡིན། འདི་ག་ཨ་རི་ནས་ཀྱང་ཁྱེད་ཚོར་རོགས་འདེགས་ཤུགས་ཆེ་བྱ་རྒྱུ་ཡིན་པ་ངར་ཡིད་ཆེས་བརྟན་པོ་ཡོད། ཅེས་གསུངས། །