༢༠༡༧ ཟླ་༡ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ ལེགས་གྲུབ་རྗེས། ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢༡ ཉིན་རྒྱ་གར་བུད་མེད་ཀྱི་ཚོང་ལས་སྡེ་ཚོགས་ཀྱི་ཚོགས་མི་རྣམས་ལ་བྱམས་བརྩེའི་ནུས་པ་སྐོར་བཀའ་སློབ་དང་། ཨ་མའི་རྒྱལ་སྤྱིའི་སློབ་གྲྭའི་ The Mother’s International School སློབ་ཕྲུག་རྣམས་ལ་བཟང་སྤྱོད་དང་ཀུན་ཁྱབ་འགན་ཁུར་སྐོར་བཀའ་སློབ་སྩལ་རྗེས་ཕྱི་ཚེས་༢༢ ཉིན་ལྡི་ལིར་རྟེན་གཞི་བྱས་པའི་བོད་ཁྱིམ་གཞོན་ནུའི་ཉལ་ཁང་ Tibetan Youth Hostel དུ་དབང་རྩའི་ཚན་རིག་པ་རི་ཆ་ཌི་ཌེ་ཝི་ཌི་སོན་ Richard Davidson ལགས་དང་ལྷན་དབང་ཤེས་དང་ཡིད་ཤེས་ Neuroscience and Mind སྐོར་བགྲོ་གླེང་སོགས་ཀྱི་མཛད་འཕྲིན་ཁག་ལེགས་གྲུབ་རྗེས།
ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༢ ཙམ་ལ་རྡ་སའི་ཉེ་འཁྲིས་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་ཡོད། དེ་ནས་ཆིབས་འགྲོ་བརྒྱུད་བཞུགས་སྒར་དུ་ཆིབས་སྒྱུར་སྐྱོང་སྐབས་ཕེབས་ལམ་གཡས་གཡོན་དུ་དད་ལྡན་སེར་སྐྱ་མི་མང་རྣམས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་དང་། གདུག་སྤོས་སོགས་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
མཛད་འཆར་ལྟར་ན། ཕྱི་ཟླ་ ༢ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བིདྱཱ་ལོཀ་ Vidyaloke ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཏལ་ཀ་ཏོ་ར་ Talkatora རྩེད་ཐང་དུ། དེང་རྒྱ་གར་སྤྱི་ཚོགས་ནང་གནའ་བོའི་རྒྱ་གར་སྲོལ་རྒྱུན་གྱི་ལེགས་བཤད་སླར་གསོ། Reviving Indian Wisdom in Contemporary India ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་བསྩལ་རྒྱུ་དང་། ཕྱི་ཟླ་ ༣ ཚེས་ ༡༢ ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་གསུང་ཆོས་བསྩལ་རྒྱུ་ཡིན་འདུག་པ་བཅས།།