༢༠༡༧ ཟླ་ ༡ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །འདི་གེའི་ཆེད་གཉེར་གསར་འགོད་པ་བསོད་ནམས་མཚོ་མོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༩ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣ ཡོལ་ཙམ་ཐོག་དུས་འཁོར་དབང་ཆེན་ཐེངས་ ༣༤ པའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྦྲེལ་པོ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་ཆོས་སྐྱོང་དབང་ཕྱུག་མཆོག་རྣམ་གཉིས་དབུ་བཞུགས་ཐོག་གསར་གོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྐབས་ཐོག་མར་ཨིན་ཇི་དང་ཧིན་དིའི་སྐད་ཡིག་ཐོག་གསར་འགོད་པ་རྣམས་ལ་གསུང་དོན།
དེ་རིང་འདིར་གསར་འགོད་ལྷན་ཚོགས་ཁྱུག་ཙམ་བསྡུ་བསྐོང་བྱེད་དགོས་པའི་རྒྱུ་མཚན་ནི། དུས་འཁོར་དབང་ཆེན་ཐེངས་ ༣༤ དུས་ཚོད་ཕྱེད་ཀ་གྲུབ་ཟིན་པ་རེད། ད་བར་ཁྱོན་ཡོངས་ཀྱི་གནས་སྟངས་གསར་འགོད་པ་བརྒྱུད་མང་ཚོགས་ལ་མཁྱེན་རྟོགས་བཟོ་དགོས་པ་ཞིག་མཐོང་སོང་། ད་ཕན་གང་ས་ཅི་ཐད་ནས་ཧ་ཅང་བསྐལ་པ་བཟང་པོ་དང་། མཐུན་རྐྱེན་འཛོམས་པོ། གྲ་སྒྲིག་པོ་བྱུང་སོང་། གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་བསོད་དབང་ཐང་དང་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་རེད། དེ་བཞིན་མཐུན་རྐྱེན་གྲ་སྒྲིག་བྱེད་མཁན་དང་དཀའ་ལས་རྒྱག་མཁན་མང་པོ་ཡོད། གང་ལྟར་ད་བར་ལས་དོན་ཆ་ཚང་གྲ་སྒྲིག་པོ་བྱུང་བར་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་། ཐོག་མར་ང་ཚོས་ཚོད་དཔག་བྱས་པ་ལྟར་ན་ཆོས་ཞུ་བ་འབུམ་གཅིག་དང་ཕྱེད་ཀ་ཙམ་ཚོད་དཔག་བྱས་པ་ཡིན།
དེ་སྔའི་གསར་འགོད་ལྷན་ཚོགས་སྐབས་ང་ཚོས་ཆོས་ཞུ་བ་འབུམ་གཅིག་དང་ཕྱེད་ཀ་ནས་གཉིས་བར་འབྱོར་རྒྱུའི་ཚོད་དཔག་བྱས་ནས་ཞུས་ཡོད། འོན་ཀྱང་ཉིན་ཤས་ནས་ཆོས་ཞུ་བ་ཉིན་རེ་བཞིན་ཇེ་མང་དུ་འབྱོར་བཞིན་ཡོད་པ་དང་། གྲངས་ཐོ་ཆེད་མཁས་མི་སྣས་ཚོད་དཔག་གནང་བ་ལྟར་ན་བདེ་སྲུང་ལས་ཁུངས་སུ་དེབ་འགོད་བྱས་ཟིན་པ་རྣམས་བརྩིས་པ་ཡིན་ན་ཆོས་ཞུ་བ་འབུམ་གཉིས་ཟིན་ཡོད་ཚོད་གསུང་གི་འདུག
ད་ལྟ་བདེ་སྲུང་ལས་ཁུངས་ཀྱི་དེབ་འགོད་བྱས་པའི་ནང་བཞི་ཁྲི་བརྒྱད་སྟོང་ལྷག་ཙམ་ལས་མེད། དེའི་ཁོངས་དཔུང་རྟགས་མཁོ་བའི་རིགས་མ་གཏོགས་སྤྱིར་བཏང་མི་མང་གཞན་གྲངས་ཐོའི་ནང་ཚུད་མེད། དེ་བཞིན་ཕྱིའི་རྒྱལ་ཁབ་ཁག་ ༨༠ ཞུས་ཡོད་པ་དེ་ད་ཆ་ ༩༠ གོ་གྲངས་ཆགས་ཀྱི་འདུག་ལ་ཧི་མཱ་ལ་ཡའི་རི་རྒྱུད་དང་རྒྱ་གར་ཆོས་ཞུ་བ་ཡང་གང་ཙམ་འབྱོར་འདུག ཆོས་ཞུ་བ་མང་ཚོགས་ཁྲོད་ནས་ཀྱང་གྲ་སྒྲིག་ལས་དོན་ཐོག་ལབ་གླེང་གནང་མཁན་ཡང་ཧ་ལམ་བྱུང་མ་སོང་བར་བརྟེན་གྲ་སྒྲིག་གང་ལེགས་བྱུང་སོང་སྙམ་བཞིན་ཡོད།
ཐེངས་འདིར་གསར་འགོད་ལྷན་ཚོགས་ཞུ་དགོས་དོན་གཙོ་བོ་ནི། ཐེངས་འདིའི་གསུང་ཆོས་སྐབས་སྐུ་མདུན་ནས་སྟོན་པ་བཅོམ་ལྡན་འདས་ཁྱབ་འཇུག་གི་སྤྲུལ་པ་རེད། ཅེས་བཀའ་སྩལ་མཛད་ཡོད་སྐོར་གྱི་གནས་ཚུལ་རྒྱ་གར་གསར་ཤོག་ཁག་གཅིག་ནང་ཐོན་སྟབས་རྒྱ་གར་མཧཱ་རཱཤཊ་མངའ་སྡེའི་ཁུལ་གྱི་རྒྱ་གར་གི་ད་ལིད་ Dalit ནང་པ་ཁག་གཅིག་གིས་གསར་ཤོག་དེ་དག་གི་ལས་ཁུངས་སུ་ཕྱིན་ནས་འཆལ་གཏམ་དེ་འདྲ་སྤེལ་བ་ནི་རྩ་བ་ནས་ངོས་ལེན་བྱེད་ཐབས་མེད་པའི་ཚོར་ཤུགས་ཆེན་པོའི་ཞི་རྒོལ་བྱས་འདུག དེར་བརྟེན་ང་ཚོ་དུས་དབང་གོ་སྒྲིག་ཚོགས་ཆུང་ངོས་ནས་ཀྱང་གསར་ཤོག་ནང་ཐོན་པའི་འཆལ་གཏམ་གྱི་གནས་ཚུལ་དེར་ལན་འདེབས་བྱེད་རྒྱུ་གལ་ཆེན་པོར་མཐོང་ནས་དེ་རིང་གསར་འགོད་ལྷན་ཚོགས་འདི་གོ་སྒྲིག་ཞུས་པ་ཡིན།
དེ་ཡང་སྔོན་དུ་ཞུས་པ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྟོན་པ་བཅོམ་ལྡན་འདས་ཁྱབ་འཇུག་གི་སྤྲུལ་པ་རེད། ཅེས་དེ་འདྲའི་བཀའ་སློབ་རྩ་བ་ཉིད་ནས་སྩལ་བ་བྱུང་མེད། སྤྱིར་ཧིན་དྷུའི་ཆོས་ལུགས་ནང་ནས་ཁག་གཅིག་གིས་སྟོན་བཅོམ་ལྡན་འདས་ཁྱབ་འཇུག་གི་འཇུག་པ་བཅུའི་ནང་ནས་བཅུ་པ་དེ་རེད་ཅེས་ཡོངས་གྲགས་བརྗོད་སྲོལ་ཡོད། དེར་ང་ཚོས་སྐྱོན་བརྗོད་དང་རྟོགས་བརྗོད་གང་ཡང་ཞུ་རྒྱུ་ཡོད་མ་རེད། འོན་ཀྱང་ད་ལན་སྐུ་མདུན་གྱིས་དེ་ལྟར་གསུང་པ་རེད་ཅེས་འཁོད་པ་དེ་བདེན་པ་མ་རེད་ཅེས་ནན་ཏན་ཐོག་ནས་ཞུ་རྒྱུ་ཡིན། ཞེས་གསར་འགོད་ལྷན་ཚོགས་སྐབས་གསལ་བཤད་གནང་ཡོད་པ་བཅས།།