ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༨ རེས་གཟའ་ལྷག་པ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་དཔལ་ལྡན་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་སྐུ་ཞབས་ Vijay Mankotia མངའ་སྡེའི་བློན་ཆེན་ཟུར་པ་མཆོག་དང་། སྐུ་ཞབས་ Jagan Thakur ལགས་གཙོས་པའི་ལས་བྱེད་ཁག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་སྣེ་ལེན་ཞུས་གནང་སྟེ། ཐོག་མར་ཚོགས་གཞོན་མཆོག་ནས་གྲོས་ཚོགས་ཚོགས་ཁང་ནང་སྣེ་ལེན་ཞུས་ཏེ་གྲོས་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་སོགས་འགྲེལ་བཤད་གནང་གྲུབ་བསྟུན་སྐུ་མགྲོན་རྣམ་པར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་ལྷན་དུ་གསོལ་ཇ་ཞལ་ཏོག་འདེགས་འབུལ་ཞུས་ཏེ་ཕན་ཚུན་གླེང་མོལ་གནང་སྐབས་སུ་སྐུ་ཞབས་ Vijay Mankotia མཆོག་ནས་གསུང་གསལ་དུ། དེ་ཡང་ཕྱི་ལོ་ ༡༩༥༩ དང་། ༦༠ ལོར་ཁོང་རང་ Arunachal Pradesh ཁུལ་གྱི་ས་མཚམས་སུ་སྲུང་སྐྱོབ་ཀྱི་ལས་དོན་དང་འབྲེལ་ནས་བཞུགས་པའི་རིང་བོད་མི་ཚོ་བཙན་བྱོལ་དུ་སླེབས་ཀྱི་ཡོད་པ་མཐོང་བ་མ་ཟད།
ཕྱི་ལོ་ ༡༩༦༢ ལོར་རྒྱ་ནག་གིས་རྒྱ་གར་ལ་དམག་དྲངས་པ་སོགས་གསུངས་པ་དང་། དམིགས་བསལ་ཁོང་གི་ཁྱིམ་ཚང་གནས་ཡུལ་རྡ་ས་ཡིན་པས་གུང་སེང་སྐབས་རྡ་སར་ཕེབས་སྐབས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བའི་གོ་སྐབས་ཐོབ་སྟེ། Arunachal Pradesh མངའ་སྡེའི་ནང་གི་བོད་མིའི་གནས་སྟངས་སོགས་སྙན་སེང་ཞུ་རྒྱུ་བྱུང་བ། ལྷག་པར་ཁོང་འབྲས་ལྗོངས་དང་ནང་པའི་ས་གནས་མང་པོ་ཞིག་ལ་ས་མཚམས་སྲུང་རྒྱུའི་གོ་སྐབས་བྱུང་ཡོད་པ་དང་། རྒྱ་གར་གཞུང་ནས་འབྲུག་ལ་རོགས་རམ་གྱི་མཐུན་འགྱུར་གནང་སྐབས་སུ་ཁོང་ལོ་ངོ་བཅུ་ཙམ་རིང་ཕྱག་ལས་གནང་ཐུབ་པའི་གོ་སྐབས་བྱུང་བ་ནས་བཟུང་རིམ་བཞིན་བོད་མིའི་འཐབ་རྩོད་ཀྱི་གནས་སྟངས་ཐོག་བློ་ཉེ་པོ་ཆགས་ཡོད་པ་སོགས་གསུངས་ཡོད།
རྗེས་སུ་ཁོང་རྒྱ་གར་དམག་མིའི་ལས་གནས་མཐོ་པོ་ནས་དགོངས་པ་ཞུས་རྗེས་ཆབ་སྲིད་ནང་ལ་ཕེབས་ནས་མངའ་སྡེའི་གཞུང་འཛིན་ཚོགས་པའི་བློན་ཆེན་རིམ་པ་གནང་ཡོད་ལ། རྡ་སའི་ཧི་མ་ལའི་དུས་སྟོན་སྐབས་སུ་ཡང་སྐུ་མགྲོན་གཙོ་བོར་ཕེབས་བཅར་ཐུབ་ཡོད། ཁོང་རྡ་སར་བཞུགས་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡང་ཡང་མཇལ་རྒྱུའི་སྐལ་བཟང་གི་གོ་སྐབས་བྱུང་ཡོད་པས་ཐུགས་ཉེ་པོ་དང་བོད་པའི་འཐབ་རྩོད་ལ་ཐུགས་འཁུར་དང་འབྲེལ་བའི་གང་ནུས་ཅི་ནུས་ཀྱི་མཐུན་འགྱུར་གནང་གི་ཡོད། ལྷག་པར་ཁོང་ནས་ཡུ་རོབ་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུར་བོད་པའི་གནད་དོན་དང་འབྲེལ་བའི་ཐོག་གསུང་བཤད་གནང་ཡོད་པ་སོགས་ཞུས་རྗེས་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་ཁོང་དང་། ཁོང་གི་ཕྱག་རོགས་རྣམ་པར་ཐུགས་རྗེ་ཆེ་ཞུས་ཏེ། སྤྱི་ལྷན་གྱི་ཕྱག་རྟགས་ཕུལ་ནས་མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་དང་། རྒྱ་གར་གྱི་ཞི་བའི་མི་མང་ཆེ་མཐོང་གཟེངས་རྟགས་མཐོ་ཤོས་ Bharat Ratna དེ་བཞིན་བོད་མིའི་ཆོས་ཀྱི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འབུལ་ལམ་ཞུ་རྒྱུའི་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད། ད་ལྟའི་ཆར་སྐུ་ཞབས་ Vijay Mankotia མཆོག་ཧི་མ་ཅཱལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་གྱི་འགན་འཛིན་གནང་བཞིན་ཡོད་པའི་གནས་ཚུལ་དུ།།