༢༠༡༦ ཟླ་ ༡༡ ཚེས་ ༢༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༣ ཉིན་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝའི་ Ottawa ནང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པའི་ལྷན་ཁང་ནང་བོད་དོན་ཉན་ཞིབ་སྐབས། རྒྱ་ནག་གཞུང་གིས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མུ་མཐུད་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་སྐོར་སོགས་གསལ་གཤད་གནང་།
སྐབས་དེར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཌེ་ཝི་ཌི་སུ་ཝི་ཊི་ David Sweet མཆོག་དང་སྐུ་ཞབས་རན་ཌལ་གྷེ་རི་སོན་ Randall Garrison མཆོག དེ་བཞིན་ལྕམ་སྐུ་ཨིག་ར་ཁ་ལི་དི་ Iqra Khalid མཆོག སྐུ་ཞབས་ཌེ་ཝི་ཌི་ཨེན་ཌར་སོན་ David Anderson མཆོག་བཅས་དང་གཞན་ཡང་ཁེ་ན་ཌའི་ཆབ་སྲིད་ཚོགས་པ་ཁག་གི་སྐུ་ཚབ་དང་གཞུང་འབྲེལ་མིན་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པ་ཁག་གི་སྐུ་ཚབ་འཐུས་མི་སོགས་ཕེབས་འདུག
སྲིད་སྐྱོང་མཆོག་གིས་དེང་སྐབས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་དགོན་པའི་དགེ་བཙུན་རྣམས་ཀྱི་གྲྭ་ཤག་གཏོར་བཤིག་བཏང་བ་མ་ཟད། དུས་ཚོད་རྒྱས་བཅད་ནང་དགེ་འདུན་པའི་ད་ཡོད་ཞལ་གྲངས་ནས་ཕྱེད་ཀ་བཟོ་རྒྱུའི་ཁྲིམས་ལུགས་ལག་བསྟར་བྱ་རྒྱུ་སོགས་གཞི་རྩའི་བོད་མིའི་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་ཛ་དྲག་གནས་སྟངས་སྐོར་གསལ་བཤད་གནང་བ་མ་ཟད།
བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱ་ནག་དང་ལྷན་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད་ཀྱང་། རྒྱ་ནག་གཞུང་ནས་ད་བར་བཟང་ཕྱོགས་ཀྱི་བརྡ་ལན་གང་ཡང་བཏང་མེད་སྐོར་དང་། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་ཐད་བོད་མི་དང་བོད་མིའི་སྒྲིག་འཛུགས་ལ་སེམས་འཚབ་ཆེན་པོ་ཡོད་སྐོར་གསུངས་པ་དང་སྦྲགས། ཁོང་ད་ལྟ་ས་གནས་གང་དུ་ཡོད་མེད་དང་ཁོང་དང་ཁོང་གི་ནང་མི་བཅས་ཀྱི་གནས་སྟངས་ཇི་ཡིན་ཤེས་རྟོགས་སླད་རྒྱལ་སྤྱིའི་འགྲོ་བ་མིའི་ཐབ་ཐང་ལྷན་ཚོགས་ནས་རང་དབང་ལྡན་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་རྒྱ་ནག་གཞུང་དང་ལྷན་གྲོས་མོལ་གནང་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག
གྲོས་ཚོགས་འཐུས་མི་སྐུ་ཞབས་ཌེ་ཝི་ཌི་སུ་ཝི་ཊི་ David Sweet མཆོག་གིས་བོད་ཀྱི་གནད་དོན་ཐོག་རྒྱལ་སྤྱིའི་ནང་རྒྱལ་ཁབ་གཞན་གྱིས་དོ་སྣང་ཇི་ཙམ་གནང་གི་ཡོད་མེད་དང་། ལྷག་པར་དུ་ཁེ་ན་ཌའི་སྲིད་གཞུང་ངོས་ནས་བོད་དོན་རྒྱབ་སྐྱོར་ཆེད་འབད་བརྩོན་འཕར་མ་ཇི་དགོས་ཐོག་གི་དྲི་བར་སྲིད་སྐྱོང་མཆོག་གིས། རྒྱལ་སྤྱིའི་རྒྱལ་ཁབ་མང་པོ་ཞིག་རྒྱ་ནག་གི་དཔལ་འབྱོར་དང་ཆབ་སྲིད་ཀྱི་གནོན་ཤུགས་འོག་ཞེད་སྣང་བྱེད་བཞིན་ཡོད་ཀྱང་།
བོད་མི་རྣམས་ཀྱིས་ཞུམ་པ་མེད་པའི་སྙིང་སྟོབས་དང་ཆོད་སེམས་རྒྱུན་སྐྱོང་བྱས་ནས་བོད་མི་ཚོར་མགྱོགས་མྱུར་བདེན་པའི་རྒྱལ་ཁ་ཐོབ་རྒྱུ་ཡིན་པའི་རེ་བ་བྱེད་བཞིན་ཡོད་སྐོར་གསུངས་པ་དང་སྦྲགས། ལྷག་པར་ཐེངས་འདིར་ཁེ་ན་ཌའི་སྲིད་གཞུང་དང་ཆབ་སྲིད་ཚོགས་པ་ཁག་གི་རྒྱབ་སྐྱོར་འོག་བོད་ནང་གི་གནས་སྟངས་རྒྱལ་སྤྱིའི་ཐོག་གསལ་བཤད་ཞུ་རྒྱུའི་གོ་སྐབས་བསྐྲུན་པ་དེ་ནི་གཞིས་ལུས་བོད་མི་ཚོར་དམིགས་བསལ་རྒྱབ་སྐྱོར་གནང་བ་ཞིག་ཡིན་པ་མཚོན་ཐུབ་པ་དང་། འབྱུང་འགྱུར་ཁེ་ན་ཌའི་ཆབ་སྲིད་ཚོགས་པ་ཁག་གི་དམིགས་བསལ་སྐུ་ཚབ་ཞིག་བོད་ནང་རྟོག་ཞིབ་སླད་ཕེབས་ཐུབ་རྒྱུར་འབད་བཙོན་གནང་རོགས། ཞེས་འབོད་སྐུལ་ཡང་ཞུས་འདུག་པ་བཅས།།