༢༠༡༦ ཟླ་ ༡༡ ཚེས་ ༢༩ རེས་གཟའ་མིག་དམར།
༄༅། །འདི་གར་ཐེ་ཝན་སྐུ་ཚབ་དོན་ཁང་ནས་བཏང་འབྱོར་ནང་འཁོད་དོན། ༸གོང་ས་༸སྐྱབས་མགོན་༸སྐུ་ཕྲེང་ལྔ་པ་ཆེན་པོ་མཆོག་ནས་ལྷ་ས་ལྕགས་པོ་རི་སྨན་པ་གྲྭ་ཚང་ཕྱག་བཏབ་ནས་མི་ལོ་ ༣༢༠ འཁོར་བ་དང་། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་༸སྐུ་ཕྲེང་བཅུ་བཞི་པ་མཆོག་ནས་འཕགས་ཡུལ་རྡ་རམ་ས་ལར་སྨན་རྩིས་ཁང་ཕྱག་བཏབ་ནས་མི་ལོ་ ༥༥ འཁོར་བ། ཁྱར་པར་དུ་༸སྐུ་ཕྲེང་༡༣ པ་མཆོག་ནས་ལྷ་ས་སྨན་རྩིས་ཁང་ཕྱག་བཏབ་ནས་ལོ་ངོ་ ༡༠༠ འཁོར་བའི་དུས་ཆེན་གསུམ་འཛོམས་ཀྱིས་ལོ་འདིར་སྨན་རྩིས་ཁང་ནས་སྨན་པ་དང་། རྩིས་པ། འཛིན་སྐྱོང་ལས་བྱེད་བཅས་སྡེ་ཚན་གསུམ་ནས་མི་སྣ་ཆ་བགོས་ཀྱིས་ཚོགས་པ་དྲུག་བཟོས་ནས་འཛམ་གླིང་ཡུལ་གྲུ་གང་སར་བོད་ཀྱི་སྨན་རྩིས་ངོ་སྤྲོད་ཀྱི་གཏམ་བཤད་དང་འགྲེམས་སྟོན། དེ་བཞིན་དོ་སྣང་ཅན་རྣམས་ལ་འཕྲོད་བསྟེན་གྱི་བརྟག་དཔྱད་དང་རྩིས་འབྲས་སྣ་ཚོགས་བསྐོར་ནས་བླང་དོར་ལམ་སྟོན་གནང་དང་གནང་བཞིན་པ་ལྟར། ད་ལམ་སྨན་རྩིས་ཁང་ནས་རེ་བསྐུལ་ཞུས་པ་བཞིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་རོགས་རམ་གོ་སྒྲིག་འོག
སྨན་རྩིས་ཁང་གི་སྨན་པ་གཅིག་དང་། སྐར་རྩིས་པ་གཉིས། འཛིན་སྐྱོང་ལས་བྱེད་གཉིས་བཅས་མི་སྣ་ལྔ་ནས་ཐེ་ཝན་གྲོང་ཁྱེར་ཆེ་ཁག་གསུམ་སྟེ། རྒྱལ་ས་ཐའེ་པེ་ལ་ཟླ་འདིའི་ཚེས་ ༡༢ ནས་ ༡༧ བར་དང་། ཐའེ་ཀྲུང་དུ་ཚེས་ ༡༩ ནས་ ༢༤ བར། ཀའོ་ཤོང་དུ་ཕྱི་ཚེས་ ༢༦ ནས་ ༢༧ བཅས་ཀྱི་བར་སྨིན་རྩིས་ངོ་སྤྲོད་ཀྱི་གཏམ་བཤད་དང་། འགྲེམས་སྟོན་གོ་སྒྲིག་གནང་ཡོད་པ་མ་ཟད། ཐེ་ཝན་མི་མང་གྲངས་ ༢༥༠ ལྷག་ལ་འཕྲོད་བསྟེན་བརྟག་དཔྱད་དང་། མི་གྲངས་ ༥༠༠ ལྷག་ལ་རྩིས་འབྲས་སྣ་ཚོགས་ཀྱི་ཐོག་ནས་བླང་དོར་ལམ་སྟོན་ཞུས་ཡོད། དེ་ཡང་སྐུ་བཅར་སྨན་པ་བསྟན་འཛིན་མཐའ་ཡས་མཆོག་གིས་བོད་སྨན་ངོ་སྤྲོད་དང་། ཉེས་གསུམ་རིག་པའི་བརྗོད་གཞིའི་ཐོག་གོང་གསལ་ས་གནས་ཁག་གསུམ་དུ་གཏམ་བཤད་ཐེངས་ ༨ གནང་ཡོད་པ་དང་། སྐར་རྩིས་པ་སྨོན་ལམ་ཡེ་ཤེས་ལགས་ཀྱིས་བོད་རྩིས་རིག་པ་རི་མོའི་ལམ་ནས་ངོ་སྤྲོད་ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་ཐེངས་ ༤ དང་། སྐར་རྩིས་པ་བསྟན་འཛིན་དབྱངས་སྐྱིད་ལགས་ཀྱིས་བོད་རྩིས་རིག་པའི་ངོ་སྤྲོད་དང་ལག་ལེན་སྐོར་ངོ་སྤྲོད་ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་ཐེངས་ ༤ གནང་ཡོད།
དེ་བཞིན་གོང་གསལ་གྲོང་ཁྱེར་ཁག་གསུམ་དུ་སྨན་རྩིས་འགྲེམས་སྟོན་ཉིན་གྲངས་༡༣ གནང་ཡོད་པ་དང་། སྐབས་དེར་སྨན་རྩིས་ཁང་གི་འཛིན་སྐྱོང་ལས་བྱེད་བསོད་ནམས་དབྱངས་སྒྲོན་ལགས་དང་། ཚེ་རིང་དཔལ་འབྱོར་ལགས་གཉིས་ཀྱིས་འགྲེམས་སྟོན་བལྟ་རྟོག་དང་ངོ་སྤྲོད་གནང་ཡོད། ད་ལམ་གྱི་ཐེ་ཝན་དུ་སྨན་རྩིས་འགྲེམས་སྟོན་སྐོར་བསྐྱོད་སྐོར་སྨན་པ་བསྟན་འཛིན་མཐའ་ཡས་ལགས་ནས་གསུང་དོན། ཐེ་ཝན་མི་མང་ནས་བོད་ཀྱི་སྨན་དང་སྐར་རྩིས་སྐོར་གཏམ་བཤད་སྐབས་དོ་སྣང་ཆེན་པོའི་ཐོག་ནས་དྲི་བ་དྲིས་ལན་ཤུགས་ཆེ་གནང་བ་མ་ཟད། ཉིན་དང་པོ་ནས་འཕྲོད་བསྟེན་བརྟག་དཔྱད་དང་། རྩིས་འབྲས་སྣ་ཚོགས་སྐོར་མཁན་འཚང་ཁ་ཤིག་ཤིག་བྱས་ནས་མི་མང་པོ་ཕེབས་སོང་། མ་འོངས་པར་ཡང་ལས་འགུལ་འདི་རིགས་གང་མང་བརྩམས་ན་དགེ་མཚན་ཆེན་པོ་ཡོད་པ་གསུང་གི་འདུག ཅེས་གསུངས།
ཐེངས་འདིར་ཐེ་ཝན་གྱི་གྲོང་ཁྱེར་ཆེ་ཁག་གསུམ་ནང་ཐའེ་པེ་ཇོན་ཏཱ་ནང་ཆོས་ཁང་དང་། ཐའེ་ཀྲུང་བསླབ་གསུམ་ཆོས་ཚོགས། ཀའོ་ཤོང་ཕུ་ཏུང་སློབ་ཆུང་བཅས་ནས་གཞོགས་འདེགས་དང་ཚོགས་ཁང་མཐུན་འགྱུར་གནང་བ་མ་ཟད། དགེ་བཤེས་ནོར་བུ་བཟང་པོ་ལགས་ནས་སྐར་རྩིས་དང་འབྲེལ་བའི་ངོ་སྤྲོད་སྐབས་གསུང་སྒྱུར་གྱི་རོགས་རམ་བཅས་གནང་ཡོད། །