༢༠༡༦ ཟླ་ ༡༠ ཚེས་ ༡༤ རེས་གཟའ་པ་སངས།
༄༅། ། ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༣ ཉིན་དགུང་ལོ་ ༨༨ ལ་ཕེབས་པའི་ཐེ་ལེན་ཌིའི་ Thailand རྒྱལ་པོ་བྷུ་མི་བྷོལ་ཨ་དུལ་ཡ་དེ་ཇི་ H.M. King Bhumibol Adulyadej མཆོག་འདས་གྲོངས་སུ་གྱུར་བར་བརྟེན། དེ་རིང་ཕྱི་ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱལ་པོའི་ནང་མི་ལྟོས་བཅས་དང་ཐེ་ལེན་ཌིའི་མི་མང་རྣམས་ལ་གདུང་སེམས་མཉམ་སྐྱེའི་འཕྲིན་ཡིག་ཞིག་ཕུལ་བའི་ནང་འཁོད་དོན།
ཐེ་ལེན་ཌིའི་རྒྱལ་པོ་མཆོག་འདས་གྲོངས་སུ་གྱུར་བར་ངས་ཐེ་ལེན་ཌིའི་རྒྱལ་པོའི་ནང་མི་ལྟོས་བཅས་དང་ཐེ་ལེན་ཌིའི་མི་མང་རྣམས་ལ་སེམས་གསོ་དང་སྦྲགས་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན།
ཕྱི་ལོ་ ༡༩༥༠ ཟླ་ ༥ ཚེས་ ༥ ཉིན་རྒྱལ་པོ་དམ་པ་མཆོག་ཐེ་ལེན་ཌི་ཡུལ་གྱི་རྒྱལ་པོའི་ཁྲི་འདོན་གནང་བ་ནས་བཟུང་དམ་པ་ཁོང་ནི་ཐེ་ལེན་ཌིའི་མི་མང་རྣམས་ཀྱི་རེ་བ་ལྟོད་ས་ཞིག་དང་གཞན་ལ་ངོམས་སུ་ཆོག་པའི་གཟི་བརྗིད་ཀྱི་མཚོན་རྟགས་ཤིག་ཀྱང་ཆགས་ཡོད། རྒྱལ་པོ་ཞིང་གཤེགས་དམ་པ་ཁོང་གིས་མི་ལོ་ ༧༠ ལྷག་རིང་རྒྱལ་སྲིད་སྐྱོང་སྐབས་ཞི་བདེ་དང་འཛུགས་སྐྲུན་ཆེད་ངལ་བ་ཁྱད་བསད་ཀྱིས་ཐེ་ལེན་ཌིའི་རྒྱལ་ཁབ་ནང་དཔལ་འབྱོར་དང་ཆོས་ལུགས་དར་འཕེལ་ཆེད་ཞབས་འདེགས་ཤུགས་ཆེ་བསྒྲུབས་ཡོད།
བོད་དང་ཐེ་ལེན་ཌི་གཉིས་ནང་པའི་རྒྱལ་ཁབ་གཅིག་གྱུར་ཡིན་པའི་ཆ་ནས་ཆོས་ཕྱོགས་ཀྱི་ཐོག་ནས་དམིགས་བསལ་གྱི་འབྲེལ་བ་དམ་ཟབ་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་ལ་༸ཞབས་སོར་འཁོད་རྗེས་ཕྱི་རྒྱལ་ཡུལ་གྲུར་ཆིབས་སྒྱུར་ཐོག་མ་དེ་ཐེ་ལེན་ཌིའི་ཡུལ་དེ་ཆགས་ཡོད།
དེ་ཡང་ཕྱི་ལོ་ ༡༩༦༧ ལོ་དང་དེ་རྗེས་ཕྱི་ལོ་ ༡༩༧༢ ལོ་བཅས་ཡུལ་དེར་༸གོང་ས་མཆོག་ཆིབས་སྒྱུར་བསྐྱངས་སྐབས་རྒྱལ་པོ་ཞིང་གཤེགས་དམ་པ་ཁོང་གིས་༸གོང་ས་མཆོག་ལ་ཕེབས་བསུའི་སྣེ་ལེན་གྱ་ནོམ་པ་ཞུས་པ་དེ་ནི་བོད་མི་རྣམས་ཀྱིས་དུས་ནམ་ཡང་བརྗེད་ཐབས་མེད། དེར་བརྟེན་ད་ལྟ་ཐེ་ལེན་ཌི་ཡུལ་དུ་དུས་ཚོད་གཉན་འཕྲང་ཆེ་བའི་སྐབས་འདིར་བོད་མི་རྣམས་ཀྱིས་ཐེ་ལེན་ཌིའི་མི་མང་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་བཞིན་ཡོད། ཅེས་འཁོད་འདུག
སྤྱིར་ཐེ་ལེན་ཌིའི་རྒྱལ་པོ་བྷུ་མི་བྷོལ་ཨ་དུལ་ཡ་དེ་ཇི་ H.M. King Bhumibol Adulyadej མཆོག་ནི་འཛམ་གླིང་ནང་རྒྱལ་སྲིད་དུས་ཡུན་རིང་ཤོས་སྐྱོང་མཁན་ཞིག་ཆགས་ཡོད། ཕྱི་ཚེས་ ༡༣ ཉིན་ཞིང་གཤེགས་དམ་པ་ཁོང་འདས་གྲོངས་སུ་གྱུར་བའི་གནས་ཚུལ་དེ་བཞིན་རྒྱལ་པོའི་རྒྱལ་ཁང་ནས་རྒྱལ་ཁབ་ཀྱི་བརྙན་འཕྲིན་བརྒྱུད་ཕྱིར་བསྒྲགས་གནང་འདུག