༢༠༡༦ ཟླ་ ༡༠ ཚེས་ ༩ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༨ རེས་གཟའ་སྤེན་པའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྟོན་འཁོར་ལྷན་རྒྱས་བཞུགས་སྒར་ཕོ་བྲང་ནས་ཡུ་རོབ་རྒྱལ་ཁབ་ལ་ཏི་ཝི་ཡ་ Latvia དང་སུད་སི། Switzerland སུ་ལོ་ཝ་ཀི་ཡ། Slovakia ཅེག་སྤྱི་མཐུན་རྒྱལ་ཁབ། Czech Republic དེ་བཞིན་ཨི་ཊ་ལི་ Italy བཅས་རྒྱལ་ཁབ་ཁག་ལྔའི་ནང་ཕྱི་ཟླ་ ༡༠ ཚེས་ ༡༠ ནས་ ༢༤ བར་འཛད་འཕྲིན་བསྐྱང་ཆེད་ཆིབས་སྒྱུར་བསྐྱང་སྐབས། བོད་མི་གཙོ་བོར་གྱུར་བའི་དད་ལྡན་མང་ཚོགས་རྣམས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་སོགས་ཐོགས་ཏེ་ཕེབས་སྐྱེལ་ཞུས་ཡོད།
དེ་ཡང་མཛད་འཆར་ལྟར་ན། མགོན་པོ་གང་ཉིད་མཆོག་གིས་ལ་ཏི་ཝི་ཡ་ཡུལ་གྱི་ནང་ཕྱི་ཚེས་ ༡༠ ནས་ ༡༡ བར་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་དང་ལ་ཏི་ཝི་ཡའི་རྒྱལ་ས་རི་གའི་ Riga ནང་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་སློབ་དཔོན་ཆོས་གྲགས་ཀྱིས་བརྩམས་པའི་ཚད་མ་རྣམ་འགྲེལ་གྱི་ཆོས་འབྲེལ་བསྩལ་རྒྱུ་དང་། དེ་རྗེས་ཕྱི་ཚེས་ ༡༢ ཉིན་༸གོང་ས་མཆོག་ཁུལ་དེ་ནས་སུད་སིར་ཆིབས་སྒྱུར་བསྐྱང་གནང་མཛད་ནས་ཕྱི་ཚེས་ ༡༤ ཉིན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་དང་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པ། དེ་བཞིན་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་བཅས་ཀྱི་ཆོས་འབྲེལ་བསྩལ་རྒྱུ་མ་ཟད། སུད་སི་དང་ལེག་ཊེན་སི་ཊེན་ Switzerland & Liechtenstein བོད་རིགས་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཆེད་བརྟན་བཞུགས་འབུལ་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༥ ཉིན་༸གོང་ས་མཆོག་སུད་སི་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་རྗེས་སུ་ལོ་ཝ་ཀི་ཡའི་ Slovakia ནང་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་ཁུལ་དེའི་རྒྱལ་ཡོངས་རྩེད་ཐང་ཆེན་མོའི་ནང་ཕྱི་ཚེས་ ༡༦ ཉིན་བཟང་སྤྱོད་སྐོར་མང་ཚོགས་ལ་བཀའ་སློབ་དང་། དེ་རྗེས་ཕྱི་ཚེས་ ༡༧ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ Czech Republic ཏུ་ཆིབས་སྒྱུར་བསྐྱངས་ནས་རྒྱལ་ས་པ་རག་ Prague ནང་དུ་ཞི་བདེའི་གླེང་སྟེགས་ཕྱི་ལོ་ ༢༠༠༠ Forum 2000 ཞེས་པས་གོ་སྒྲིག་འོག་ལུ་ཀར་ན་གསོལ་མགྲོན་ཁང་ Lucerna Palace དུ་བཟང་སྤྱོད་ཐོག་མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུ་ཡིན་འདུག
དེ་རྗེས་༸གོང་ས་མཆོག་ཕྱི་ཚེས་ ༢༠ ཉིན་ཨི་ཊ་ལིར་ Italy ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་ཕྱི་ཚེས་ ༢༡ ཉིན་གྲོང་ཁྱེར་མི་ལན་ Milan ནང་དུ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་དང་རྟེན་འབྲེལ་བསྟོད་པའི་ཆོས་འབྲེལ་སྩལ་གནང་མཛད་རྗེས་ཕྱི་ཚེས་ ༢༢ ཉིན་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་བསྩལ་རྒྱུ་ཡིན་འདུག ཁུལ་དེར་ཆོས་འབྲེལ་གོ་སྒྲིག་ཞུ་མཁན་དགེ་འཕེལ་གླིང་ཆོས་ཚོགས་ཡིན་འདུག ཐེངས་འདིར་༸གོང་ས་མཆོག་གིས་རྒྱལ་ཁབ་ཁག་ལྔའི་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་ཕྱི་ཚེས་ ༢༣ ཉིན་ཨི་ཊ་ལི་ནས་ཆིབས་ཞལ་བསྒྱུར་ནས་ཕྱི་ཚེས་ ༢༤ ཉིན་ལྡི་ལིར་༸ཞབས་སོར་འཁོད་གནང་གིས་དེ་ཉིན་གྱི་ཕྱེད་ཡོལ་བཞུགས་སྒར་དུ་༸ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་འདུག །