༢༠༡༦ ཟླ་ ༡༠ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༢༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྲོང་ཁྱེར་མི་ལན་ནང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་དང་རྟེན་འབྲེལ་བསྟོད་པའི་ཆོས་འབྲེལ་སྩོལ་སྐབས་དང་བསྟུན། དེ་ཉིན་གྱི་ཉིན་གུང་ཆོས་འབྲེལ་བར་སེང་སྐབས་སུད་སི་དང་ཨི་ཊ་ལི། སི་པེན་བཅས་ནས་བོད་མི་ཆོས་ཞུ་བ་གྲངས་ ༢༠༠ བརྒལ་བར་བླང་དོར་བཀའ་སློབ་སྩལ་དོན། དེ་རིང་འདིར་ཁྱེད་རང་ཚོ་ཁྱུག་ཙམ་ཐུག་པར་ངོས་རང་དགའ་པོ་བྱུང་། ད་ཆ་ང་ཚོ་བཙན་བྱོལ་བ་ཆགས་ནས་མི་ལོ་ ༥༧ ཙམ་འགྲོ་བཞིན་ཡོད། མིའི་མི་ཚེ་གཅིག་ལ་རྩིས་ན་ལོ་ ༥༧ ཟེར་དུས་གང་ཙམ་དུས་ཡུན་རིང་པོ་རེད། གལ་ཆེ་ཤོས་ཤིག་ལ་ང་ཚོའི་བོད་ནང་དཀའ་ངལ་མུ་མཐུད་འཕྲད་བཞིན་ཡོད། འོན་ཀྱང་བོད་རྒྱ་ཆེའི་མི་མང་གི་སྙིང་སྟོབས་དང་ལྷག་བསམ་འགྱུར་བ་མེད་པ་བྱས་ནས་བསྡད་པ་རེད། མི་རབས་བརྗེ་འགྲོ་གི་ཡོད། རྒྱ་མི་ཐོག་མར་ཡོང་སྐབས་ཕྱི་ལོ་ ༡༩༤༩།༥༠ ནང་གི་མི་རབས་དེ་དག་ཧ་ལམ་རྫོགས་ཟིན་པ་རེད། ཕྱི་ལོ་ ༡༩༥༦།༥༧ སྐབས་སུ་ཁམས་དང་ཨ་མདོའི་ཁུལ་དུ་ཟིང་འཁྲུག་ལངས་པ་རེད། གང་ལྟར་རྒྱ་མིས་བོད་པའི་ས་ཁུལ་ནང་རྒྱ་ནག་ནང་ལ་མང་གཙོ་བཅོས་འགྱུར་གང་འདྲ་བྱེད་བཞིན་ཡོད་པ་ལྟར་བོད་པའི་སྤྱི་ཚོགས་ནང་བྱེད་དུ་ཡོང་བ་དེ་བོད་པའི་ནང་རན་གྱི་མེད། བོད་པ་ཚོ་ས་བདག་དང་ཞིང་པ་ཚོའི་དབར་རེ་ཟུང་མ་གཏོགས་སྤྱིར་བཏང་ཤ་ཚ་དང་མཛའ་བརྩེ་ཡོད་པ་ཞིག་འདུག དཔེར་ན། ཕྱི་ལོ་ ༡༩༥༩ ལོར་མང་གཙོ་བཅོས་འགྱུར་བྱེད་པའི་སྐབས་འཐབ་འཛིང་བྱེད་དུས་ཚེ་གཡོག་གིས་སྦྱིན་བདག་ལ་ཉེན་ཁ་ཡོད་པའི་ལན་སྤྲད་པ་དང་། བྲོས་ཡོང་མཁན་ཚོ་སྦས་པ་དེ་འདྲ་བྱུང་ཡོད། རྩ་བའི་བོད་པའི་ཞིང་བྲན་ལམ་ལུགས་དེ་རྗེས་ལུས་རེད། ངེས་པར་དུ་འགྱུར་བཅོས་གཏོང་དགོས་པ་ཞིག་རེད། ཞིང་བྲན་ལམ་ལུགས་དེ་སངས་རྒྱས་པའི་ཆོས་དང་འབྲེལ་བའི་མིའི་སྤྱི་ཚོགས་ཤིག་ཆགས་ཡོད་སྟབས། བྱམས་བརྩེ་དང་དྲང་བདེན་ཡོད་པར་བརྟེན་ག་རེ་བྱེད་ཀྱང་དྲག་པ་རེད་འདུག རྒྱ་ནག་ནང་བྱམས་བརྩེ་མེད་པའི་ཞིང་བྲན་ལམ་ལུགས་ལག་བསྟར་བྱས་པ་ནང་བཞིན་འཐབ་རྩོད་བྱེད་རྒྱུ་སོགས་བྱེད་ཡོང་དུས་བོད་པའི་སྤྱི་ཚོགས་ནང་མ་རན་པར་བརྟེན་ཟང་ངེ་ཟིང་ངེ་བྱུང་བ་རེད། ཐོག་མར་ཕྱི་ལོ་ ༡༩༥༦ ལོར་ལི་ཐང་ནས་ཡིན་པ་ཡོད། འདི་ལྟར་བྱས་ནས་དཀའ་ངལ་རིམ་པ་བྱུང་བ་རེད། སྐབས་དེ་དུས་ཀྱི་མི་རབས་དེ་ཧ་ལམ་རྫོགས་ཟིན་པ་རེད།
ངོས་རང་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ལ་བྲོས་ཡོང་བ་རེད། སྐབས་དེར་ང་ཚོའི་མཉམ་བོད་མི་ཁྲི་ཁ་ཤས་ཤིག་ཡོད་པ་སྐབས་དེའི་མི་རབས་དེ་ཧ་ལམ་རྫོགས་འགྲོ་གི་ཡོད། གཙོ་བོ་བོད་ནང་ཡོད་པའི་རྒྱ་ཆེའི་མི་མང་མི་རབས་རྫོགས་འགྲོ་གི་ཡོད་ཀྱང་སེམས་ཤུགས་ཧ་ལས་པ་ཞིག་རེད་འདུག བོད་པའི་ཕྲུ་གུ་ཚོ་ཡིན་ནའང་ང་བོད་པ་ཡིན་ཟེར་ནས་དེའི་ཐོག་ཧ་ཅང་མཁྲེགས་པོ་བྱེད་ཀྱི་ཡོད། རྒྱ་ནག་གཞུང་གི་སྲིད་བྱུས་མཁྲེགས་པོ་བཟུང་མཁན་དེ་ཚོ་གྲས་ཀྱིས་ཕྱི་ལོ་ ༡༩༥༩ ལོར་དྲག་གནོན་བྱས་ཚར་རྗེས་ཏཱ་ལའི་བླ་མ་བྲོས་པ་རེད། ད་ལྟ་རྙོག་གྲ་གང་ཡང་མེད་དྲན་པ་རེད། འོན་ཀྱང་དེ་ལྟར་བྱུང་མེད། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་དྲག་གནོན་བྱེད་སྐབས་བོད་པའི་གནས་ཚུལ་དེ་ལོ་ལྔ་གྲངས་གནས་ཀྱི་ཡོད་པ་ཧ་ལམ་དྲན་མེད། འོན་ཀྱང་ངོས་ཀྱིས་སྐད་ཆ་འདི་འདྲ་ཞིག་གོ་ཐོས་བྱུང་། ལྷ་སར་དྲག་གནོན་བྱེད་ཚུལ་མའོ་ཙེ་ཏུང་ལ་སྙན་སེང་ཞུ་སྐབས་མའོ་ཙེ་ཏུང་གིས་ཏཱ་ལའི་བླ་མ་ག་རེ་བྱེད་སོང་ཞེས་དྲིས་འདུག ཏཱ་ལའི་བླ་མ་བྲོས་འདུག་ཅེས་བརྗོད་འདུག མ་འོས་ད་ང་ཚོ་ཤོར་བ་རེད་ཅེས་བརྗོད་འདུག འདི་ཕལ་ཆེར་བདེན་པའི་བཟོ་འདྲ་ཆགས་གྲབས་བྱེད་ཀྱི་འདུག རྒྱ་མིའི་དཔུང་སྟོབས་ཀྱི་ཐོག་ནས་ལྷ་ས་གཙོ་བོར་གྱུར་བའི་དེ་དུས་དབུས་གཙང་ས་ཁུལ་དུ་དྲག་གནོན་བྱས་པ་རེད། མདོ་སྟོད་སྨད་ཁུལ་དུ་རྒྱ་མིས་དྲག་གནོན་ཧ་ཅང་བྱས་ཟིན་པ་རེད། རྒྱ་མིས་དབུས་གཙང་ཁུལ་དེ་དག་ལ་དྲག་གནོན་བྱེད་ན་གང་ཡང་ཡོང་གི་མ་རེད་བསམ་པའི་བསམ་ཚུལ་དེ་བསྒྲུབས་མེད། ངོས་ཀྱིས་གནས་ཚུལ་ཞིག་གོ་ཐོས་བྱུང་། རྒྱ་ནག་དཔོན་རིགས་ཚོའི་གསང་བའི་ཚོགས་འདུ་ཞིག་གི་ཐོག་ང་ཚོས་ཏཱ་ལའི་བླ་མར་སྐྱོན་བརྗོད་བྱེད་རྒྱུ་དེ་ཕན་ཐོགས་མི་འདུག ང་ཚོས་ཏཱ་ལའི་བླ་མར་སྐྱོན་བརྗོད་ག་ཚོད་བྱས་ཀྱང་འཛམ་གླིང་ནང་ཏཱ་ལའི་བླ་མར་དགའ་མོས་བྱེད་མཁན་མང་དུ་འགྲོ་བཞིན་འདུག དེ་ལས་སྲིད་བྱུས་གསར་པ་ཞིག་དགོས་འདུག་ཅེས་བསམ་ཚུལ་བཤད་མཁན་བྱུང་འདུག གང་ལྟར་ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ ༥༧ ཕྱིན་ཡོད་ཀྱང་བོད་པ་གཉའ་ཆག་མེད། གཙོ་ཆེ་ཤོས་བོད་ནང་ཡོད་པའི་རྒྱ་ཆེའི་མི་མང་གཉའ་ཆག་མེད། ང་ཚོ་བཙན་བྱོལ་ལ་ཡོད་མཁན་ཚོས་བོད་རྒྱ་ཆེའིི་མི་མང་གི་ཚབ་བྱེད་བཞིན་ཡོད།
བོད་ནང་རྒྱ་ཆེའི་མི་མང་རྣམས་བཙན་གནོན་འོག་སེམས་ཀྱི་སྐད་ཆ་དེ་དག་བཤད་ས་མེད། སོ་སོའི་ཆོས་དང་རིག་གཞུང་ལ་གཅེས་ཞེན་བྱེད་ཀྱི་ཡོད། རྒྱ་མི་རིགས་ཀྱིས་རྒྱའི་ཆོས་དང་རིག་གཞུང་གཅེས་ཞེན་བྱས་པ་དེ་འོས་པ་རེད། འོན་ཀྱང་བོད་པས་བོད་ཀྱི་ཆོས་དང་རིག་གཞུང་གཅེས་ཞེན་བྱེད་རྒྱུ་དེ་ཁྲིམས་འགལ་ཡིན་པ་ཞིག་ངོས་འཛིན་བྱེད་བཞིན་པ་དེ་ཁྱད་མཚར་འདུག ཉེ་ཆར་ངོས་ཀྱིས་གནས་ཚུལ་གསལ་པོ་ཞིག་གོ་ཐོས་བྱུང་། རྒྱ་ནག་མི་མང་དུང་ཕྱུར་བཅུ་གསུམ་བཅུ་བཞི་ཡོད་པའི་ནང་ནས་དུང་ཕྱུར་བཞི་ནང་པ་རེད་འདུག རྒྱ་ནག་གི་ནང་པ་ཚོས་ཆོ་ག་ཕྱག་ལེན་བྱེད་རྒྱུ་མ་གཏོགས་འགྲེལ་བཤད་བརྒྱབ་རྒྱུ་མི་འདུག བོད་པའི་ནང་པ་ཚོར་ནང་ཆོས་འགྲེལ་བཤད་བརྒྱབ་རྒྱུ་འདུག ཅེས་བོད་ཀྱི་ནང་ཆོས་ལ་དོ་སྣང་བྱེད་མཁན་ཤུགས་ཆེ་རུ་འགྲོ་བཞིན་འདུག འདི་ཚོ་གྲས་འགྱུར་བ་རེད། བོད་ནས་ཡོང་མཁན་ཁ་ཤས་ཀྱིས་རྒྱ་ནག་ནང་སླེབས་སྐབས་གང་ལ་གང་ཙམ་གྱི་རང་དབང་འདུག་ཅེས་བརྗོད་ཀྱི་འདུག ལྷ་སར་དམ་བསྒྲགས་དང་རྒྱ་ནག་ནང་སླེབས་སྐབས་ཕྲན་བུ་ལྷོད་པ་ཡོད་དུས་ལུང་པ་མི་འདྲ་བ་ཞིག་ཡིན་པའི་མཐོང་ཚུལ་དང་ཚོར་སྣང་ཡོང་བཞིན་འདུག གང་ལྟར་ལོ་སུམ་ཅུ་བཞི་བཅུ་གོང་གི་རྒྱ་ནག་དང་དེང་སང་བྱས་ན་འགྱུར་བ་ཧ་ཅང་ཕྱིན་ཡོད། འགྱུར་བ་དེ་བཀག་ཐུབ་རྒྱུ་མེད་སྟབས་མུ་མཐུད་ནས་འགྱུར་བ་འགྲོ་གི་རེད། རྒྱ་རིགས་ཚོའི་དཔལ་འབྱོར་གྱི་གནས་སྟངས་ཕྲན་བུ་ཡར་རྒྱས་ཕྱིན་ཡོད་སྟབས་འཛམ་གླིང་ཕྱི་ལོག་སོགས་ལ་ལྟ་སྐོར་འགྲོ་མཁན་མང་པོ་ཡོང་གི་ཡོད། རྒྱ་མི་ཡུལ་སྐོར་སྤྲོ་འཆམ་ཡོང་མཁན་མང་པོ་ཡོད། ཨ་རིས་གཙོས་ཡུ་རོབ་དང་། ཉི་ཧོང་། ཨོ་སི་ཊོ་ལི་ཡ། རྒྱ་གར་སོགས་སུ་རྒྱ་མི་སློབ་ཕྲུག་སློབ་སྦྱོང་བྱེད་མཁན་ཕལ་ཆེར་འབུམ་གཉིས་གསུམ་ཙམ་ཡོད། སློབ་ཕྲུག་དེ་ཚོས་དངོས་ཡོད་གནས་ཚུལ་མཐོང་ཡོང་དུས་ཤུགས་རྐྱེན་ཧ་ཅང་ཡོང་གི་འདུག
དཔེར་ན། བྱང་ཀོ་རི་ཡ་ཆ་བཞག་ན་དམ་བསྒྲགས་ཧ་ཅང་བྱས་རྐྱེན་གྱིས་གཞུང་གི་དྲིལ་བསྒྲགས་མ་གཏོགས་གོ་མ་ཆོག་པ་བྱས་ནས་བསྡད་ཡོད་སྟབས་ཕྱི་ཕྱོགས་ལ་ཡུལ་སྐོར་སྤྲོ་འཆམ་དང་སློབ་གྲྭར་འགྲོ་རྒྱུ་སོགས་ལ་དོ་དམ་ཧ་ཅང་བྱེད་བཞིན་ཡོད། རྒྱ་ནག་ལ་ཏིང་ཞའོ་ཕིང་གིས་ཕྱི་ཕྱོགས་ལ་སྒོ་ཕྱེ་ཟིན་ཡོད་སྟབས་ཕྱི་ལོག་ལ་འབྲེལ་བ་བྱེད་ཤུགས་ཆེ་རུ་ཕྱིན་ཡོད། ངོས་ལ་དཔེ་མཚོན་ཞིག་བཤད་རྒྱུ་ཡོད། ཁྲེང་ཏུའུ་ནས་ལྷ་ས་བར་ཡོང་མཁན་གནམ་གྲུའི་ནང་རྒྱ་མི་ལས་བྱེད་ཁག་གཅིག་དང་ཚོང་པ་གཅིག དེ་བཞིན་བོད་པ་ཡང་ཁ་ཤས་ཡོད་འདུག སྐབས་དེར་རྒྱ་མིའི་ལས་བྱེད་པ་ཚོས་སྐད་ཆ་བཤད་སྐབས་ཏཱ་ལའི་བླ་མ་ཁ་བྲལ་བ་ཡིན་པ་སོགས་སྐྱོན་བརྗོད་བྱེད་སྐབས་ཕྱི་རྒྱལ་ལ་འགྲོ་མྱོང་མཁན་རྒྱ་མི་ཚོང་པ་དེས་ཏཱ་ལའི་བླ་མ་འདི་འདྲ་རེད་མི་འདུག ངས་ཕྱི་ཕྱོགས་ལ་ཏཱ་ལའི་བླ་མས་སྐད་ཆ་བཤད་པ་དེ་འདྲ་ངས་མཐོང་མྱོང་ཡོད། ཕྱི་རྒྱལ་ལ་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་མྱོང་མཁན་རྒྱ་མི ཚོང་པ་དེས་རྒྱ་མི་ལས་བྱེད་པ་ཚོར་འགག་པ་བརྒྱབ་ཡོད། ཁོས་དངོས་ཡོད་གནས་ཚུལ་ཤེས་ཀྱི་ཡོད། དེར་བརྟེན་རྒྱ་ནག་ནང་འགྱུར་བ་ཏན་ཏན་འགྲོ་གི་རེད། རྒྱ་ནག་འགྱུར་བ་འགྲོ་རྒྱུ་དེ་བོད་པར་ཤ་ཚ་ནས་འགྱུར་བ་འགྲོ་རྒྱུ་གལ་ཆེན་པོ་མ་རེད། ཁོ་རང་ཚོ་མ་འོངས་པར་འཛམ་གླིང་འདིའི་སྟེང་མི་གྲལ་དུ་ཚུད་ཐུབ་རྒྱུ་དང་ནུས་པ་ཐོན་པ་ཞིག་ཡོང་བར་འཛམ་གླིང་སྤྱི་ཡོངས་ཀྱི་ཡིད་ཆེས་དང་ཆ་འཇོག་ཡོད་པ་ཞིག་དགོས་པ་རེད་མ་གཏོགས། ད་ལྟ་དཔལ་འབྱོར་གྱི་ཐོག་ནས་མིས་སྤྲེལ་ལད་འཁྲབ་པ་མ་གཏོགས་ཡིད་ཆེས་བྱེད་མཁན་མི་འདུག རྒྱ་གར་དང་། ཉི་ཧོང་། ཝེ་ཐི་ནམ་བཅས་ཀྱིས་ཧ་ཅང་དོགས་པ་བྱེད་ཀྱི་འདུག གནས་སྟངས་འདི་འདྲ་ཞིག་ཆགས་ཡོད། དེར་བརྟེན་རྒྱ་ནག་རང་གི་མ་འོངས་པའི་མདུན་ལམ་ཆེད་དངོས་ཡོད་གནས་ཚུལ་དང་རན་པ་ཞིག་འགྲོ་དགོས་རེད།
ང་ཚོར་གལ་ཆེ་ཤོས་སོ་སོའི་སྐད་ཡིག་དེ་མུ་མཐུད་ནས་ཉར་ཚགས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སོ་སོའི་བུ་ཕྲུག་ཚོར་བོད་ཡིག་བསླབ་རྒྱུ་དང་། སོ་སོའི་ནང་ཁྱིམ་དུ་བོད་སྐད་བརྒྱབ་རྒྱུ་གལ་ཆེན་པོ་རེད། བོད་ཀྱི་སངས་རྒྱས་པའི་ཆོས་དེ་དེང་སང་འཛམ་གླིང་འདིའི་སྟེང་འབར་མ་དང་ཐེ་ལན་ཌི་སོགས་ནང་པའི་ལུང་པ་མང་པོ་ཞིག་ཡོད། དེའི་ནང་ནས་རྒྱ་ནག་ལ་ཆ་བཞག་ན་ནང་པའི་ལུང་པ་ཡིན་ནའང་། བོད་ཀྱི་ནང་པའི་ཆོས་དེ་སྤུས་དག་པོ་དང་རྒྱ་ཆེ་ཤོས་ཤིག་རེད་འདུག དཔེར་ན། ནང་པའི་གཞུང་ནང་གི་ཚད་མ་རིག་པ་འདི་སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་ཀྱིས་ཚད་མའི་གཞུང་མང་པོ་ཞིག་བོད་ཡིག་ཐོག་བསྒྱུར་ཡོད། དེ་ཚོ་རྒྱ་ཡིག་ནང་མེད། ཚད་མ་རིག་པ་ཆ་བཞག་ན་ཧ་ལམ་འཛམ་གླིང་འདིའི་སྒང་ནང་པའི་ལུང་པ་མང་པོ་ཞིག་ཡོད་པའི་ནང་ནས་བོད་གཅིག་པུ་རེད་མ་གཏོགས་གཞན་སུ་ལའང་མི་འདུག དེར་བརྟེན་བོད་པའི་སྐད་ཀྱི་ཐོག་ནས་ཚད་མ་རིག་པའི་གཞུང་དང་ཀླུ་སྒྲུབ་ཀྱི་ལྟ་གྲུབ་དེ་ཚོ་གྲས་བོད་སྐད་ཐོག་འགྲེལ་བཤད་ཏག་ཏག་བརྒྱབ་ཐུབ་མཁན་ཞིག་རེད། ལེགས་སྦྱར་སྐད་ནི་སྐད་ཡིག་ཤི་ཚར་བ་ Dead Language ཞིག་རེད། དེ་བཞིན་ཧིན་དི་ནི་ནང་ཆོས་ཀྱི་ཐོག་དེ་ཙམ་ཡར་རྒྱས་ཕྱིན་མེད། ཕྱོགས་གཅིག་ནས་ཚད་མ་རིག་པ་དེ་ཚོ་གྲས་རྒྱ་ཡིག་ནང་སྒྱུར་མཁན་མེད་པ་མ་ཟད། ཀླུ་སྒྲུབ་ཀྱི་གཞུང་དེ་དག་རྒྱ་ཡིག་ཐོག་སྒྱུར་རྒྱུ་ཧ་ཅང་ཁག་པོ་རེད་འདུག ལོས་ཤས་གོང་ངོས་ཀྱིས་རྡ་སར་ཆོས་དབྱིངས་བསྟོད་པ་བཤད་པ་ཡིན། རྒྱ་ཡིག་དང་བོད་ཡིག་ཐོག་ཡོད་པའི་ཆོས་དབྱིངས་བསྟོད་པ་གཉིས་དབར་ཁྱད་པར་གང་ཙམ་འདུག རྒྱ་ཡིག་ནང་ཕྱོགས་གཅིག་ནས་བརྡ་རྙིང་པ་ཡིན་པར་བརྟེན་གསལ་པོ་མི་འདུག ང་ཚོ་བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་འདི་འཛམ་གླིང་འདིའི་སྒང་གཞན་སུ་ཞིག་ལའང་མི་འདུག གཞན་སུ་ལ་མེད་པ་དེ་ང་ཚོས་ཞྭ་མོ་མི་འདྲ་བ་ཞིག་གྱོན་ནས་འཆམ་འཁྲབ་པ་དེ་མིན། ནང་ཆོས་དེ་བོད་པས་འགྲེལ་བཤད་བརྒྱབ་པ་ལྟར་སུ་གཅིག་གིས་བརྒྱབ་མི་ཐུབ། ངོས་རང་དཔེ་ཆ་བལྟ་རྒྱུར་ལེ་ལོ་བྱས་ནས་བསྡད་ཡོད། འོན་ཀྱང་དཔེ་ཆ་གང་ཙམ་བལྟས་ཡོད།
ཕྱི་ལོ་ ༡༩༥༩ ལོར་དགེ་བཤེས་བཞག་ཚར་བ་རེད། དེ་ནས་རྒྱ་གར་ལ་སླེབས་ནས་དཔེ་ཆ་མུ་མཐུད་ནས་ལྟ་བཞིན་ཡོད། དེང་སང་རིམ་པ་ལྟ་བུར་མཚོན་མཐོ་རུ་ཕྱིན་ཏེ་བཀའ་འགྱུར་གྱི་དཔེ་ཆ་ལྟ་བཞིན་ཡོད། ཧ་ལས་པའི་ཡག་པོ་འདུག ང་ཚོས་བོད་པའི་མཁས་པ་ཚོས་མཛད་པའི་དཔེ་ཆ་དེ་དག་ལྟ་བ་དང་ཀློག་སྟེ་སློབ་སྦྱོང་བྱས་པ་མ་གཏོགས། ང་ཚོ་བོད་ཀྱི་མཁས་པ་ཚོས་བརྩམས་པའི་དཔེ་ཆ་དེ་ཚོ་ཁུངས་གཏུགས་ས་རྒྱ་གར་མཁས་པའི་གཞུང་བསྟན་འགྱུར་ཡིན། བསྟན་འགྱུར་གྱི་ཁུངས་གཏུགས་ས་བཀའ་འགྱུར་ཆགས་ཡོད། གང་ལྟར་ང་ཚོའི་བོད་ཡིག་ནང་པུ་ཏི་ ༣༠༠ ཙམ་ཡོད་པ་དེ་དག་ང་ཚོས་སློབ་དེབ་ཀྱི་འདུ་ཤེས་བཞག་ནས་བལྟ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ལམ་སང་ཤེས་ཐུབ་རྒྱུ་ཞིག་མིན་ནའང་བལྟ་དགོས་ཡོད་བསམས་ཏེ་ཞོར་ཞོར་དུ་ལྟ་དགོས་པ་དང་། དཔེ་ཆ་ཤེས་མཁན་ཚོས་འགྲེལ་བཤད་བརྒྱབ་དགོས། འཛིན་གྲྭ་ཚོགས་པ་ལྟ་བུ་བསྡད་ནས་ནང་ཆོས་དང་། ལྟ་གྲུབ། ཚད་མ་རིག་པའི་སྐོར་ཕན་ཚུན་བགྲོ་གླེང་བྱེད་རེས་བྱས་ཏེ་བསླབ་པ་ཡིན་ན་ཏན་ཏན་ཕན་ཐོགས་ཡོང་གི་རེད། བསྟན་པ་འཛིན་ཞེས་པ་དེ་དགོན་པ་ཚོས་ཐོས་བསམ་སྒོམ་གསུམ་བྱས་ཏེ་བསྟན་པ་འཛིན་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།།