༢༠༡༦ ཟླ་ ༩་ཚེས་ ༡༦་རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༧ ནས་ ༩ བར་ཐུ་ཝ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁེ་ཛལ་ས་གནས་སུ་སྟོང་ལོ་གསུམ་པའི་ནང་ཆོས་ Buddhism in the Third Millennium: Trends and Prospects ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་ཤིག་ཚོགས་ཡོད།
དེ་ཡང་ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོར་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་དུས་རབས་སྔ་མའི་ནང་ང་ཚོའི་མི་རབས་རྒན་པ་ཚོས་ནང་ཆོས་ལ་གསན་བསམ་གནང་སྟེ་རླབས་ཆེན་གྱི་བྱེད་རྗེས་བཞག་ཡོད་པ་དེ་ནི་ང་ཚོར་སྤོབས་པ་སྐྱེས་གཞིར་གྱུར་ཡོད་པ་དང་། མ་འོངས་པར་རུ་སོག་ནང་བོད་ཡིག་དང་ནང་ཆོས་ཐོག་མཁས་པའི་མི་རབས་གསར་པ་སྐྱེ་སྲིང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།
ལྷན་ཚོགས་ཐོག་ཐུ་ཝ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཙོ་འཛིན་ Sholban Kara-ool མཆོག་ཆེད་ཕེབས་གནང་ཡོད་པ་མ་ཟད། ཨུ་རུ་སུའི་མཁས་དབང་མི་སྣ་ཁག་གཅིག་མཉམ་ཞུགས་གནང་ཡོད། ཐེངས་འདིའི་ཉིན་གྲངས་གསུམ་རིང་གི་ལྷན་ཚོགས་ཐོག་ནང་ཆོས་དང་ཤེས་ཡོན། ཚན་རིག དེ་བཞིན་ནང་ཆོས་དང་གསོ་བ་རིག་པ་སོགས་བརྗོད་གཞི་གཞན་ཁག་གཅིག་གི་ཐོག་བགྲོ་གླེང་གནང་ཡོད་འདུག
ཕྱོགས་མཚུངས་ཏེ་ལོ་རིན་པོ་ཆེ་མཆོག་ཐུ་ཝ་ཁུལ་དུ་ཕེབས་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་དཔེ་དེབ་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པ་དེ་ཉིད་ཉེ་ཆར་ཨུ་རུ་སུའི་སྐད་ཡིག་ཐོག་ཕབ་སྒྱུར་ཞུས་པ་ཞིག་ངོ་སྤྲོད་གནང་ཡོད། དེ་བཞིན་ཐུ་ཝའི་ནང་༸གོང་ས་མཆོག་གིས་བྱིན་གྱི་རླབས་པའི་ནང་པའི་དགོན་པ་གསར་བཞེངས་ཀྱི་འཛུགས་བསྐྲུན་ལས་གཞིར་འཚམས་གཟིགས་གནང་འདུག ཐེངས་འདིའི་ལྷན་ཚོགས་ནི་དེ་སྔ་ཕྱི་ལོ་ ༢༠༡༤ དང་ ༢༠༡༥ ལོར་བྷུ་རི་ཡཏ་དང་ཁལ་མུག་གཉིས་ཀྱི་ནང་ཚོགས་པའི་ལྷན་ཚོགས་ཀྱི་མཇུག་སྐྱོང་ལས་རིམ་ཞིག་ཡིན་འདུག ལྷན་ཚོགས་འདི་བཞིན་མོ་སི་ཁོ་སྐུ་ཚབ་དོན་གཅོད་ཁང་དང་བོད་སྐྱོབ་བདེ་རྩ་གཉིས་ཀྱིས་རྒྱབ་སྐྱོར་འོག ཐུ་ཝ་སྤྱི་མཐུན་རྒྱལ་ཁབ་གྱི་གཞུང་དང་། ཐུ་ཝ་གཙུག་ལག་སློབ་ཁང་། ཐུ་ཝ་མཁན་པོ་བླ་མའི་ལས་ཁུངས་བཅས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་འདུག་པ་བཅས།།