ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༧ ནས་ ༡༡ བར་ཉིན་གྲངས་ལྔ་རིང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག རྒྱ་གར་མ་ཧཱ་རཱཤཀྲ་ Maharashtra མངའ་སྡེའི་གྲོང་ཁྱེར་འཇམ་ཁེ་དི་ Jamkhed ས་གནས་སུ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་སྨན་ཞབས་པ་གྲངས་དགུ་དང་འཕྲོད་ལས་པ་གྲངས་བཅུ་དྲུག དེ་བཞིན་བལ་ཡུལ་གངས་ཅན་ཐེབས་རྩའི་ལས་བྱེད་གྲངས་གཉིས། འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་གྲངས་གཉིས་བཅས་ཁྱོན་མི་གྲངས་ ༢༩ ལ་བཙན་བྱོལ་་བོད་མིའི་གཞིས་ཆགས་ཁག་གི་ནང་འཕྲོད་བསྟེན་གོ་རྟོགས་སྤེལ་ཐབས་ཀྱི་ཟབ་སྦྱོང་ཐེངས་གསུམ་པའམ་མཐའ་མ་དེ་གནང་ཡོད།
དེ་ཡང་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི། འཕྲོད་བསྟེན་དང་འབྲེལ་བའི་ལས་བྱེད་པ་རྣམས་ཀྱིས་ཤེས་ཚད་དང་ནུས་པ་གོང་སྤེལ་གཏོང་རྒྱུ་དང་འཕྲོད་བསྟེན་གྱི་ཤེས་ཡོན་གོང་སྤེལ་བཏང་བ་བརྒྱུད་མང་ཚོགས་ལ་འཕྲོད་བསྟེན་གྱི་གོ་རྟོགས་རྒྱ་གང་ཆེ་སྤེལ་ཐབས་ཆེད་ཡིན་འདུག་པ་མ་ཟད། ཟབ་སྦྱོང་སྐབས་བོད་མིའི་གཞིས་ཆགས་ཁག་གི་ས་གནས་མང་ཚོགས་རྣམས་ལ་འཕྲོད་བསྟེན་གོ་རྟོགས་ཀྱི་ལས་གཞི་ཇི་ལྟར་སྤེལ་དགོས་པའི་ལམ་སྟོན་དང་། དུད་ཚང་སོ་སོའི་ནང་གི་ནང་མིའི་གྲངས་ཐོ་དང་ནང་མིའི་གནས་སྟངས་རྒྱུས་ལོན་བྱེད་ཕྱོགས། དེ་བཞིན་གཞིས་ཆགས་ཁག་ནང་མང་ཚོགས་ཀྱི་འཕྲོད་བསྟེན་གནས་སྟངས་དང་སྟངས་འཛིན་གནང་ཕྱོགས་སོགས་ངོ་སྤྲོད་གནང་ཡོད་པ་མ་ཟད། གྲོང་གསེབ་ཀྱི་འཕྲོད་བསྟེན་ལས་གཞི་ཁག་ལག་བསྟར་གནང་ཕྱོགས་དང་མང་ཚོགས་ཀྱི་བཟའ་འཐུང་གི་སྤྱོད་ལམ་སོགས་ཀྱི་ཐོག་རྒྱུས་ལོན་ཡོང་སླད་གྲོང་གསེབ་ཁག་ཏུ་དངོས་སུ་འཁྲིད་འདུག དེ་བཞིན་ཕྱི་ལོ་ ༢༠༡༦ ལོའི་Women Exemplar award ཞེས་པའི་བྱ་དགའ་ཐོབ་མྱོང་མཁན་འཕྲོད་ལས་པ་ཞིག་གིས་རང་གི་མྱོང་འཚོར་ཟབ་སྦྱོང་བ་རྣམས་ལ་ངོ་སྤྲོད་གནང་ཡོད་འདུག
ཟབ་སྦྱོང་ཐེངས་དང་པོ་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡༡ ནས་ ༢༠ བར་ཉིན་གྲངས་བཅུའི་རིང་ཚོགས་སྐབས་རྒྱ་གར་ནང་ཡོད་པའི་བོད་མིའི་གཞིས་ཆགས་ཁག་གི་སྨན་ཞབས་པ་དང་འཕྲོད་ལས་པ། འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ཡོད་་ལས་བྱེད་གཅིག་བཅས་ཁྱོན་མི་གྲངས་ ༢༠ མཉམ་བཞུགས་གནང་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༨ ནས་ ༣༠ བར་ཉིན་གྲངས་གསུམ་རིང་ཟབ་སྦྱོང་ཐེངས་གཉིས་པའི་ཐོག འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་གཙོས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དང་ཟུང་དྲུང་། བོད་མིའི་གཞིས་ཆགས་ནང་ཡོད་པའི་སྨན་ཁང་ཁག་བདུན་གྱི་འཕྲོད་བསྟེན་འབྲེལ་མཐུད་པ་དང་འཛིན་སྐྱོང་དྲུང་ཆེ་བཅས་མཉམ་ཞུགས་གནང་ཡོད་འདུག ཟབ་སྦྱོང་འདི་བཞིན་ཨ་རིའི་ USAID རོགས་ཚོསག་ཀྱིས་མཐུན་འགྱུར་གནང་བ་ཞིག་ཡིན་འདུག་པ་བཅས།།