༢༠༡༦ ཟླ་ ༨ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༥ ཉིན་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་དགོངས་དོན་ལྷན་ཚོགས་སྐབས་བཞི་པའི་ཚོགས་མིའི་ལས་ཡུན་གཙང་སྟེ་སྐབས་ལྔ་པའི་ཚོགས་མིའི་འོས་བསྡུ་མཇུག་སྒྲིལ་ནས་ལྷན་ཚོགས་ཀྱི་ཚོགས་མི་གསར་རྙིང་གི་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་ཞིག་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས། དམིགས་བསལ་སྐུ་མགྲོན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ཕུ་རི་ལགས། སྐུའི་བླ་སྨན་སྨན་པ་ཚེ་དབང་རྟ་མགྲིན་ལགས། བོད་ཀྱི་གསོ་རིག་ལྷན་ཚོགས་ཀྱི་འགན་འཛིན་སྨན་རམས་པ་ངག་དབང་བཟོད་པ་ལགས། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་འཛིན་སྐྱོང་ཚོགས་མི་རྣམ་པ། སྐུ་མགྲོན་རྣམ་པ་སོགས་ལྷན་འཛོམས་ཀྱི་ཐོག་མར་གཡུ་ཐོག་གསོལ་འདེབས་འདོན་པ་དང་ལྷན་རྟེན་འབྱུང་གསོལ་ཇ་འབྲས་སིལ་ཕུལ།
དེ་ནས་ལྷན་ཚོགས་ཀྱི་ཚོགས་གཙོས་མཛད་སྒོ་ངོ་སྤྲོད་དང་སྐབས་བཞི་པའི་ཚོགས་མིའི་ལས་བསྡོམས་སྒྲོགས་སྦྱང་ཞུས་རྗེས་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་མཆོག་གིས་བོད་ཀྱི་གསོ་བ་རིག་པའི་བསྟན་པར་མཛད་རྗེས་གཟེངས་སུ་ཐོན་པའི་གཡུ་ཐོག་གཟེངས་རྟགས་དང་། དམིགས་བསལ་སྐུ་མགྲོན་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་༸རྒྱལ་བའི་བླ་སྨན་ཟུར་པ་རྔོག་རིགས་དགེ་སློང་ཡེ་ཤེས་དོན་ལྡན་མཆོག་གི་སྨན་སྦྱོར་ཁང་དེབ་སྐྱེལ་ལག་འཁྱེར་དང་དཔལ་གཤེན་བསྟན་སྨན་རི་གླིང་གསོ་རིག་འབུམ་བཞིའི་མཐོ་སློབ་དེབ་སྐྱེལ་ལག་འཁྱེར། དམིགས་བསལ་སྐུ་མགྲོན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་གྱིས་ནད་གཞི་སྔོན་འགོག་ཐོག་གཏམ་བཤད་བགྲོ་གླེང་གནང་མཁན་རྣམས་ལ་ཐུགས་རྗེ་ལེགས་གསོལ་གནང་།
དམིགས་བསལ་སྐུ་མགྲོན་༸རྒྱལ་བའི་སྐུ་བཅར་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་ལྷན་ཚོགས་ཀྱི་ས་གནས་འབྲེལ་མཐུད་པ་རྣམས་ལ་ཐུགས་རྗེ་ཆེ་ཞུའི་ལག་འཁྱེར་གནང་གྲུབ་མཚམས། ལྷན་ཚོགས་ཀྱི་འོས་བསྡུ་ཚོགས་ཆུང་ནས་སྐབས་ལྔ་པའི་ཚོགས་མིའི་འོས་བསྡུའི་གསལ་བསྒྲགས་གནང་། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་ལྷན་ཚོགས་སྐབས་ལྔ་པའི་ཚོགས་མི་རྣམས་ལ་འཚམས་འདྲིའི་མཇལ་དར་དང་སྐབས་བཞི་པའི་ཚོགས་མི་རྣམས་ལ་ལག་འཁྱེར་གནང་རྗེས་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་གྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་བསྟུན། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་རྒྱུན་ལས་སྐུ་ཚབ་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་བྱུང་རིམ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ལ་ད་བར་མཐུན་འགྱུར་ཞུས་དང་ཞུ་མུས་ཡིན་པ་མ་ཟད། མ་འོངས་པར་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འདི་བཞིན་མིང་དོན་མཚུངས་པ་ཞིག་ཡོང་སླད་ཚོགས་གཙོ་སྦྲེལ་པོ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མཐུན་འགྱུར་རོགས་རམ་མུ་མཐུད་གནང་རྒྱུ་ཡིན་སྐོར།
གསོ་བ་རིག་པ་ནི་མི་མང་ཉམ་ཐག་མང་པོ་ཞིག་ལ་ཕན་བདེ་སྤྲོད་ཐུབ་མཁན་གྱི་རིག་གནས་ཤིག་ཆགས་ཡོད་པར་བརྟེན་དེ་དག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་གནང་རྒྱུ་ཙམ་མིན་པར་དར་སྤེལ་དགོས་རྒྱུ་ལྷན་ཚོགས་ལ་འགན་ཆེན་པོ་ཡོད་པ། གསོ་བ་རིག་པའི་གཞུང་ལུགས་ཐོག་ནས་གཏན་ལ་ཕབ་པའི་སྨན་སྦྱོར་དང་། དེ་དག་སྦྱངས་པའི་སྨན་པ་ཚོས་འགྲོ་བ་མིའི་ནད་ཀྱི་སྡུག་བསྔལ་སེལ་བའི་ཕྱག་ལས་སྔོན་མ་ནས་དར་ཏེ་ད་བར་མུ་མཐུད་འགྲོ་བཞིན་ཡོད་པ། འདས་པའི་དུས་རབས་རེ་རེའི་ནང་ན་ཚ་གསར་པ་འདྲ་མིན་སླེབས་ཡོད་པ་དང་། སྐབས་དེ་དུས་ཀྱི་སྨན་པས་ན་ཚ་དེ་དག་ལ་ཞིབ་འཇུག་བྱས་ཏེ་སྨན་སྦྱོར་གནང་བར་རྟེན་ན་ཚ་དྲག་སྐྱེད་བྱུང་བའི་རྒྱུན་དེ་འཛིན་བཞིན་ཡོད་སྐོར།
ད་ལྟའི་དུས་རབས་ལ་འཛམ་གླིང་ནང་བཅོས་ཐབས་མེད་པའི་ན་ཚ་མང་པོ་ཞིག་ཡོད་སྟབས་ཕྱི་ལུགས་སྨན་པས་རིམ་པ་སྣ་ཚོགས་ཐོག་ནས་གདོང་ལེན་བྱེད་བཞིན་ཡོད་ཀྱང་ཁོང་ཚོ་ངོས་ནས་བཅོས་ཐབས་མེད་པའི་ན་ཚ་ཁག་གཅིག་གཏན་འབེབས་བྱས་ནས་ཡོང་བཞིན་ཡོད། གསོ་བ་རིག་པའི་ནས་ནད་བཅོས་ཐབས་མེད་པ་ཕལ་ཆེར་མེད་པ་ལྟ་བུ་ཡིན་སྐོར་དང་། ནད་གང་འདྲ་ཞིག་ཡིན་རུང་དེ་ལ་བཅོས་ཐབས་ཡོད་པ་དང་། དུས་རབས་ཀྱི་སྨན་པས་དུས་རབས་ཀྱི་ན་ཚ་བཅོས་ཐབས་དེ་རྙེད་ཐབས་བྱེད་དགོས་པར་བརྟེན། འཛམ་གླིང་ཐོག་བཅོས་ཐབས་མ་རྙེད་པའི་ནད་རིགས་མང་པོ་ཡོད་སྟབས་དུས་རབས་ཉེར་གཅིག་པའི་སྨན་པ་ཚོས་ངེས་པར་དུ་དེ་དག་གསོ་བ་རིག་པའི་ཐོག་ནས་བཅོས་ཐབས་དེ་རྙེད་ཐབས་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། འགན་ཡང་ཡིན་སྐོར། སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་བཀའ་བློན་མཆོག་གིས་གསུང་བཤད་དོན།
བོད་མིའི་སྒྲིག་འཛུགས་ངོས་ནས་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འདི་གལ་ཆེན་པོར་རྩི་བཞིན་ཡོད་པ་དང་། ལྷག་པར་བཀའ་ཤག་སྐབས་ ༡༢ དང་། བོད་མི་མང་སྤྱི་འཐུས་སྐབས་ ༡༣ ཐོག་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་ཅེས་གཏན་འབེབས་གནང་ཡོད། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ནས་ཟབ་སྦྱོང་དང་། ཚོགས་འདུ། ཁྲིམས་སྒྲིག་ཁག་གཏན་འབེབས་གནང་རྒྱུ་སོགས་ཕྱག་ལས་རབ་དང་རིམ་པ་གནང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་བཞིན་ཕྱི་ལོ་ ༢༠༠༧ ཙམ་ནས་བོད་ཀྱི་གསོ་བ་རིག་པ་འདི་རྒྱ་གར་གྱི་ཁྲིམས་ཐོག་ནས་ངོས་འཛིན་ཐོབ་རྒྱུར་འབད་བརྩོན་བརྩམས་པ་དང་། ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༩ ནང་གསོ་བ་རིག་པ་ཞེས་པ་འདི་ Indian Medicine Central Council གྱི་དོན་ཚན་ཁག་གི་ནང་གཏན་འབེབས་དང་ངོས་ལེན་གནང་ཐུབ་པ་བྱུང་བ་འདི་ཕལ་ཆེར་བཙན་བྱོལ་གྱི་གནས་བབ་དང་གནས་སྟངས་ཐོག་དགོངས་པ་བཞེས་པ་ཡིན་ན། གསོ་བ་རིག་པ་ལ་ཕན་རླབས་ཆེན་པོ་ཞིག་དང་། མི་ཉམས་རྒྱུན་འཛིན་ཡོང་རྒྱུའི་གཞི་རྩ་ཞིག་ཆགས་ཡོད་པའི་མྱོང་ཚོར་ཡོང་བཞིན་འདུག འོན་ཀྱང་རྒྱ་གར་ནི་རྒྱལ་ཁབ་ཆེན་པོ་ཡིན་པ་དང་། དེའི་ནང་གནད་དོན་ཆེ་ཕྲ་ཆུང་གསུམ་འདྲ་མིན་མང་པོ་ཡོད་སྟབས། སྲོལ་རྒྱུན་གྱི་སྨན་ཐོག་མང་ཚོགས་ཀྱིས་དོ་སྣང་ཤུགས་ཆེན་པོ་ཡོང་རྒྱུ་དང་སྤྲོད་རྒྱུ། དེའི་བརྒྱུད་ནས་ཆབ་སྲིད་པ་ཚོས་དུས་ཚོད་སྤྲད་ཐུབ་རྒྱུ། ད་ལྟའི་དུས་སུ་ང་ཚོས་རེ་བ་བྱེད་པ་ནང་བཞིན་ཕལ་ཆེར་ཡོང་ཐུབ་ཀྱི་མེད་པའི་གནས་སྟངས་ཤིག་ཡོང་སྲིད་པ་རེད་དྲན་གྱི་འདུག ཅེས་སོགས་ཀྱི་གསུང་བཤད་རྗེས་ལྷན་ཚོགས་ཀྱི་ཚོགས་གཞོན་གྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་འབྲེལ་སྨན་རྩིས་བསྟན་རྒྱས་སྨོན་ལམ་འུར་འདོན་དང་བཅས་མཛད་སྒོ་གྲུབ་ཡོད།།