༢༠༡༥ ཟླ་ ༤ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །འདི་གར་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་སྒྲོན་ལགས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢ ཉིན་བཏང་གནས་ནང་འཁོད་དོན།
ཨོ་སི་ཊོ་ལི་ཡའི་སི་ཌི་ནི་རྒྱ་ནག་མང་གཙོ་ཚོགས་པ་དང་ཕྱིར་སྡོད་རྒྱ་རིགས་མང་གཙོ་ཚོགས་པ་ཁག་ལྔས་གོ་སྒྲིག་འོག་རྒྱ་ནག་མང་གཙོ་ཚོགས་པའི་ཚོགས་ཆེན་ཞིག་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༨ ནས་ཚེས་ ༣༠ བར་གྲོང་ཁྱེར་ཆེ་ཤོས་ Sydney སི་ཌི་ནིའི་ Bankstown བྷེངྐ་སེ་ཌོན་ཁུལ་དུ་ཉིན་གྲངས་གསུམ་རིང་ཚོགས་ཡོད་པ་དང་། ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་མཚོ་མགོ་ལྷག་པ་ལགས་དང་རྒྱ་རིགས་འབྲེལ་མཐུད་པས་དབུས། ཨ་རི་དང་ཡུ་རོབ། ཐེ་ཝན་དང་ཧོང་ཀོང་། ནིའུ་ཛེ་ལེན་ཌི་དང་ཉི་ཧོང་སོགས་འཛམ་གླིང་ཡུལ་གྲུ་ཁག་ནས་རྒྱ་རིགས་ཤེས་ཡོན་ཅན་དང་མང་གཙོ་དོན་གཉེར་བ། མཁས་དབང་སོགས་མི་གྲངས་ ༡༠༠ ལྷག་ཚོགས་གནང་འདུག མཛད་སྒོའི་སྐུ་མགྲོན་གཙོ་བོ་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་མཚོ་མགོ་ལྷག་པ་ལགས་ཀྱིས་གསུང་བཤད་གནང་དོན།
རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་དང་དྲག་གནོན་ཇི་ཙམ་བྱས་ཀྱང་དེའི་ཚོད་ཀྱིས་བོད་མིས་ངོ་རྒོལ་བྱ་རྒྱུ་ཡིན་པ་ནི་ཆོས་ཉིད་གཅིག་ཡིན་པ་དང་། ལྷག་པར་ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་བོད་མི་ ༡༣༦ ཙམ་གྱིས་སྐུ་ལུས་མེར་སྲེག་བཏང་ཡོད་པ་དང་། དེའི་ཁྲོད་ནས་མི་གྲངས་ ༡༡༧ འདས་གྲོངས་སུ་གྱུར་ཡོད་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད། དེས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་བཞིན་པའི་སྲིད་བྱུས་དེ་དག་གདུག་རྩུབ་ཇི་ཙམ་ཡིན་པ་གསལ་སྟོན་བྱས་ཡོད་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་སོགས་ལ་ཉམས་རྒུད་ཆེན་པོ་འགྲོ་བཞིན་ཡོད་པར་བརྟེན། བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་ནག་གཞུང་གི་སྲིད་བྱུས་དེར་མི་འདོད་པའི་རྣམ་པ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ཚུལ་འགྲེལ་བརྗོད་གནང་བ་མ་ཟད། སྐུ་ཚབ་དོན་གཅོད་ནས་དབུ་མའི་ལམ་གྱི་སྲིད་བྱུས་ནི་རང་རྒྱལ་གཞན་ཕམ་མ་ཡིན་པར་རིས་སུ་མ་ཆད་པའི་སྐྱེ་འགྲོ་ཡོངས་ཀྱི་བདེ་ཐབས་ཆེད་དྲང་བདེན་དང་། འཚེ་བ་མེད་པ། བོད་རྒྱ་མི་རིགས་གཉིས་ཕན་རང་བཞིན་ཅན་གྱི་སྲིད་བྱུས་ཤིག་ཡིན་པ་ངོ་སྤྲོད་དང་། རྒྱ་རིགས་རྣམས་ནས་བོད་ཀྱི་དངོས་ཡོད་གནས་སྟངས་དང་༸གོང་ས་མཆོག་གི་དགོངས་བཞེད་བཅས་ལ་གོ་རྟོགས་ཐུབ་ཐབས་ཀྱིས་བོད་རྒྱ་འབྲེལ་མོལ་གང་མགྱོགས་བསྐྱར་གསོ་ཡོང་ཐབས་འབད་བརྩོན་གནང་རྒྱུའི་ནན་སྐུལ་ཡང་གནང་འདུག
ཐེངས་འདིའི་ཚོགས་འདུར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་ཞིག་སྩལ་བའི་ནང་། རྒྱ་ནག་ནང་ལོ་ངོ་ ༢༠ ལྷག་རིང་དཔལ་འབྱོར་བསྒྱུར་བཅོས་ཀྱི་གནས་བབ་ཐོག་གྲུབ་འབྲས་ཆེན་པོ་འཐོན་ཡོད་ནའང་། ཆབ་སྲིད་ཀྱི་གནས་སྟངས་ད་དུང་ཡང་ཡར་རྒྱས་དེ་ཙམ་ཕྱིན་མེད་པ་དང་། འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་ཡར་རྒྱས་གཏོང་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་ཙམ་མ་ཡིན་པར་ཆབ་སྲིད་ལམ་ལུགས་ཡང་དག་པ་ཞིག་བསྐྲུན་རྒྱུ་དེ་ནི་དེ་བས་གལ་ཆེན་པོ་ཡིན།
འདས་པའི་ལོ་ཤས་རིང་། ང་ཚོས་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད། རིམ་པ་བརྒྱུད་མང་གཙོའི་ལམ་ལུགས་ཡང་དག་པ་ཞིག་བསྐྲུན་ཐུབ་པ་བྱུང་ཡོད། འདས་པའི་དུས་ཡུན་ནང་མང་གཙོའི་འོས་བསྡུ་རིམ་པ་བྱས་པ་བརྒྱུད། བཙན་བྱོལ་བོད་མིས་རང་གིས་འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་འགོ་ཁྲིད་འདེམས་ཐོན་བྱུང་ཡོད། དེས་མི་རིགས་ཀྱི་ལོ་རྒྱུས་ཇི་འདྲ་ཞིག་མི་འདྲ་བ་ཡོད་རུང་། མི་མང་ལ་དེ་ལྟ་བུའི་རེ་འདོད་ཡོད་པ་ཡིན་ན། མང་གཙོའི་ལམ་ལུགས་བསྐྲུན་ཐུབ་པ་དང་ལོངས་སུ་སྤྱོད་ཐུབ་པ། མང་གཙོའི་ལམ་ལུགས་ཀྱིས་འགྲོ་བ་མིའི་རིགས་ཐུན་མོང་ལ་ཡོད་པའི་རིན་ཐང་མཚོན་པར་བྱེད་ཐུབ།
འདས་པའི་ལོ་མང་ནང་རྒྱ་རིགས་གྲོགས་པོ་མང་པོ་ཐུག་ཡོད་ལ། དེ་ཚོའི་ཁྲོད་ནས་རྒྱ་རིགས་ཤེས་ཡོན་ཅན་དང་རྒན་ཡོལ་ཞུས་པའི་གཞུང་ཞབས་ཟུར་པ། ཚོང་པ་དང་ནང་པ། དེ་བཞིན་རྒྱ་རིགས་མང་གཙོ་དོན་གཉེར་བ་སོགས་མང་པོའི་ལྷན་གླེང་མོལ་བྱས་ཡོད་པའི་ནང་མང་ཆེ་བ་ཕུལ་བྱུང་ཅན་རེད་འདུག ད་དུང་མ་འདེང་བའི་ཆ་ཡང་མང་པོ་འདུག གཞན་ཡང་ནང་སེམས་ཀྱི་སྐྱོན་ཆ་ཡར་རྒྱས་གཏོང་དགོས་པ་དང་། མི་སྒེར་རམ་ཚོགས་པ་གཅིག་གི་འཚར་ལོངས་བྱུང་བའི་བརྒྱུད་རིམ་ནང་རང་སྐྱོན་ངོས་ལེན་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཡིན། ཁྱེད་ཚོས་ཕྱོགས་གང་ཅིའི་ཐད་འགལ་རྐྱེན་སེལ་ཐབས་གནང་སྟེ། གླིང་ཆེན་ཨེ་ཤི་ཡ་ལ་སོགས་པ་རྒྱལ་ཁབ་གཞན་ཁག་གི་མང་གཙོའི་ལམ་ལུགས་ལ་མིག་དཔེ་བལྟས་ནས། རྒྱ་ནག་ནང་མིང་དོན་མཚུངས་པའི་མང་གཙོ་ཞིག་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེབ་ཡོད། ཅེས་གསུང་འཕྲིན་ནང་འཁོད་འདུག