༢༠༡༣ ཟླ་ ༡༢ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༧ ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་མཆོད་འབུལ་སྨོན་ལམ་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མཆོད་འབུལ་དང་འབྲེལ་བའི་གསུང་བཤད་གནང་དོན།
མཁན་རིན་པོ་ཆེ་མཆོག་གིས་དབུས་སྐྱབས་གནས་དགེ་འདུན་གྱི་སྡེ་དང་མང་གཙོའི་ཀ་བ་གསུམ་གྱི་མཛད་སྒོ་རྣམ་པ། མི་མང་རྣམ་པ་ཚང་མས་མཁྱེན་གསལ་རེད། ཡིད་སྐྱོ་དགོས་པའི་གནས་ཚུལ་ཞིག་ལ་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༣ ཉིན་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༥ པ་ཡས་མས་སུ་ཨ་མདོ་རྨ་ཆུ་རྫོང་ཆུ་ཁ་མ་ཡུལ་ཚོ་ནས་ཡིན་པའི་རང་ལོ་ ༣༠ སོན་པའི་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག
ད་ལྟ་བར་དུ་རང་ལུས་མེར་སྲེག་བཏང་གནང་མཁན་ ༡༢༣ བྱུང་ཡོད་ཁོངས་ནས་འདས་གྲོངས་སུ་གྱུར་བ་ ༡༠༦ ཆགས་ཡོད། བཀའ་ཤག་གིས་དུས་རྟག་ཏུ་དེ་དག་གྲངས་ཀ་མ་རེད། ང་ཚོའི་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་བོད་བསྟན་སྲིད་ཆེད་དུ་རང་སྲོག་བློས་གཏོང་གནང་མཁན་ཁོང་རྣམ་པའི་མངོན་འདོད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དང་། བོད་མིར་རང་དབང་བསྐྱར་གསོ་དགོས་སྐོར་རྣམས་རེད། ཅེས་ཞུས་དང་ཞུ་མུས་ཡིན་པ་དེ་དག་ནམ་ཡང་མ་བརྗེད་པའི་ཐོག་ང་ཚོ་ཚང་མས་རྡོག་རྩ་ཆིག་སྒྲིལ་དང་ཕྱར་གྲུ་མཉམ་འདེགས་ཀྱིས་འབད་བརྩོན་གནང་རོགས་ཞུ་རྒྱུ་ཡིན།
ཕྱོགས་མཚུངས་འདི་ཟླའི་ཕྱི་ཚེས་ ༥ ཉིན་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ནེལ་སོན་མན་ཌེ་ལ་ (Nelson Mandela) མཆོག་འདས་གྲོངས་སུ་གྱུར་འདུག བོད་མིའི་སྒྲིག་འཛུགས་ཀྱིས་བློ་ཕམ་ཡོད། ཅེས་ཞུས་ཡོད། ཁོང་ནི་འཛམ་གླིང་འདིའི་ནང་སྙན་གྲགས་ཆེ་བའི་གནད་ཡོད་མི་སྣ་དཀོན་རིགས་ཤིག་ཆགས་ཡོད། གང་ལ་ཞེ་ན། སྐུ་ཞབས་ནེལ་སོན་མན་ཌེ་ལ་ མཆོག་གིས་མི་ཚེ་ཧྲིལ་པོར་རང་དབང་དང་དྲང་བདེན། དམིགས་བསལ་མི་རིགས་དབྱེ་འབྱེད་མི་བྱེད་རྒྱུ་དང་མི་རིགས་ཀྱི་ཐོབ་ཐང་ཆེད་སྐུ་ལས་བསྐྱོན་ཡོད། ཁོང་བཙོན་ཁང་དུ་མི་ལོ་ ༢༧ བཞུགས་ཡོད་ཁོངས་ནས་མི་ལོ་ ༨ རིང་རོ་བྷེན་ཨ་ཡི་ལེན་ཌིར་ (Robben Island) ཁང་ཆུང་ཞིག་ནང་གྲོགས་མེད་ཁེར་རྐྱང་དུ་བཞུགས་དགོས་བྱུང་ཡོད། བཙོན་ཁང་དུ་བཞུགས་སྐབས་གཞི་རྩའི་ལྷོ་ཨ་ཕི་རི་ཀའི་གཞུང་མི་རིགས་དཀར་པོས་ཟིན་པ་དེ་མི་དྲང་བ་ཞིག་རེད། མི་རིགས་གཞན་ཚོར་ཡང་ཐོབ་ཐང་དགོས་སྐོར་གྱིས་འཐབ་རྩོད་གནང་ཡོད། དེའི་རིང་སྐབས་ཤིག་ལ་ལྷོ་ཨ་ཕི་རི་ཀའི་ནང་རང་དབང་བསྐྱར་གསོ་དང་མི་རིགས་གཞན་ལ་ཐོབ་ཐང་རག་རྒྱུ་ཕར་བཞག་སྐུ་ཞབས་ནེལ་སོན་མན་ཌེ་ལ་ མཆོག་ཡིན་རུང་བཙོན་གྲོལ་གཏོང་གི་མ་རེད་ལ
དེ་བཞིན་མི་རིགས་ཀྱི་ཐོབ་ཐང་དང་དྲང་བདེན་ཡོང་གི་མ་རེད། ཅེས་བརྗོད་མཁན་བྱུང་ཡོད། འོན་ཀྱང་ལོ་ ༢༧ རྗེས་སུ་ཁོང་བཙོན་གྲོལ་གཏོང་དགོས་བྱུང་ཡོད། དེ་རྗེས་ཁོང་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་ཡོད། ལྷག་པར་མང་གཙོ་བསྐྱར་གསོ་བྱུང་རྗེས་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཐོག་མ་གནང་ཡོད། དེ་ཡང་ཕྱི་ལོ་ ༡༩༩༤ ལོར་སྐབས་ཤིག་སྲིད་འཛིན་གནང་ཡོད། དེར་བརྟེན་འཛམ་གླིང་འདིའི་ནང་ནས་གནད་ཡོད་མི་སྣ་གནངྷཱི་ཇི་ལྟ་བུ་ཞིག་འདས་གྲོངས་སུ་གྱུར་བར་ཧ་ཅང་བློ་ཕམ་རེད། ཁོང་དང་ཁོང་ལ་ཕྱག་རོགས་གནང་མཁན་ཚོས་ཞི་བའི་ལམ་ནས་བདེན་པ་རྩོད་ནས་གྲུབ་འབྲས་ཐོན་པ་དེ་ང་ཚོ་ཚང་མས་ཡིད་ལ་བཞག་སྟེ་སྙིང་སྟོབས་སྐྱེ་དགོས། གང་ལ་ཞེ་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་བོད་མི་ཚོ་ཡིན་རུང་ཞི་བའི་ལམ་ནས་བདེན་དོན་རྩོད་དང་རྩོད་མུས་ཡིན་པ་དེ་བཞིན་འགྲུབ་རྒྱུ་ཡོད་པ་ཞིག་སྐུ་ཞབས་ནེལ་སོན་མན་ཌེ་ལ་མཆོག་གི་ལོ་རྒྱུས་ལ་གཟིགས་ན་ཧ་ཅང་གསལ་པོ་རེད། ཕྱོགས་གཅིག་ནས་ཁོང་འདས་གྲོངས་སུ་གྱུར་བར་བློ་ཕམ་ཡོད་པ་དང་། ཕྱོགས་གཉིས་ནས་ང་ཚོས་ཞི་བ་དང་དབུ་མའི་ལམ་ལ་ཡིད་ཆེས་བྱས་ཐོག་བདེན་པར་རྒྱལ་ཁ་ཐོབ་ཀྱི་རེད་བསམས་པའི་སྙིང་སྟོབས་སྐྱེ་དགོས་རྒྱུ་ཏན་ཏན་ཆགས་ཡོད་ཞུ་རྒྱུ་དང་ཐེངས་འདིའི་མཆོད་འབུལ་སྨོན་ལམ་དུ་སྐུ་ཞབས་ནེལ་སོན་མན་ཌེ་ལ་མཆོག་དང་། ཁོང་གི་ནང་མི་སྤུན་མཆེད་སྤྱི་ཡོངས་ལ་ཡང་ཐུགས་སྨོན་གནང་རོགས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་ཡོད།