༢༠༡༣ ཟླ་ ༧ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༨ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཚོགས་ཁང་དུ་བོད་མིའི་ཁྲིམས་ལུགས་རིག་པ་བའི་ལྷན་ཚོགས་ཐེངས་དང་པོའི་ཐོག་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་ངས་གནད་དོན་གསུམ་གྱི་སྐོར་ལ་ཞུས་ན་བསམ་བྱུང་། བོད་པའི་རྩ་དོན་དང་འབྲེལ་བའི་ཐོག་ནས་བཤད་ན། ཁྲིམས་ལུགས་སློབ་སྦྱོང་བྱེད་རྒྱུ་གནད་འགག་ཆེན་པོ་ཆགས་ཡོད། དཔེར་ན། རྒྱ་གར་རང་བཙན་རྩོད་པའི་སྐབས་གྷན་དྷི་དང་ (Mahatma Gandhi) ནེ་ཧེ་རུ་ (Pandit Jawaharlal Nehru) གཉིས་ཀས་ཁྲིམས་ཀྱི་སློབ་སྦྱོང་གནང་ཡོད་པ་མ་ཟད། ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨེབ་ར་ཧམ་ལིན་ཀོན་མཆོག་(Abraham Lincoln) དང་།
ད་ལྟའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག དེ་བཞིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་སྐུ་ཧེ་ལ་རེ་ཁི་ལིན་ཊོན་ (Hillary Clinton) མཆོག་སོགས་ཁྲིམས་ལ་སློབ་སྦྱོང་བྱེད་མྱོང་མཁན་ཤ་སྟག་ཆགས་ཡོད། གྲོས་ཚོགས་ཁག་མང་ཆེ་བའི་འཐུས་མི་མང་ཆེ་བ་རྣམས་ཀྱང་ཁྲིམས་ལ་སློབ་སྦྱོང་བྱེད་མྱོང་མཁན་ཆགས་ཡོད། ཁྲིམས་ལ་སློབ་སྦྱོང་བྱས་ཟིན་རྗེས་རྩ་ཁྲིམས་དང་ཁྲིམས་མགོ་ཚོས་ཀྱི་ཡོད་པའི་གནད་འགག་ལ་བརྟེན། རང་བཞིན་གྱིས་ལུང་པ་ཁག་གི་གྲོས་ཚོགས་ནང་ཞབས་ཞུ་སྒྲུབ་མཁན་མང་ཆེ་བ་ཁྲིམས་རྩོད་པ་ཆགས་ཡོང་གི་ཡོད་པ་རེད། དེ་འགྲོ་སྟངས་རེད། དེར་བརྟེན། སྤྱི་ཡོངས་ཀྱི་ཐོག་ནས་མགོ་འཁྲིད་མཁན་ཡིན་ནའང་འདྲ། གྲོས་ཚོགས་ནང་ཕྱག་ལས་གནང་མཁན་ཡིན་ནའང་འདྲ། ཁྲིམས་ཞིབ་ཁང་ལྟ་ཅི་སྨྲོས། ཁྲིམས་ལ་སློབ་སྦྱོང་བྱེད་མཁན་མང་པོ་ཡོང་སྟེ། ཁྲིམས་ཀྱི་ལག་འཁྱེར་ཐོབ་རྗེས་ཏན་ཏན་བོད་ཀྱི་རྩ་དོན་དང་འབྲེལ་བའི་ཐོག་ཞབས་ཞུ་མི་དམན་པ་ཞིག་བསྒྲུབ་ཐུབ་པའི་ཆ་རྐྱེན་གཙོ་བོ་གཅིག་ཁྲིམས་ཀྱི་ལག་འཁྱེར་གལ་ཆེན་པོ་ཡིན་པ་གསལ་བོ་ཆགས་ཡོད། འོན་ཀྱང་བོད་པའི་རྩ་དོན་དང་འབྲེལ་བའི་ཐོག་ནས་དམིགས་བསལ་གནད་འགག་ཅིག་ག་རེ་ཆགས་ཡོད་བརྗོད་ན།
༸གོང་ས་མཆོག་གི་འཆར་སྣང་གཞིར་བཟུང་བཙན་བྱོལ་ནང་ལ་དམངས་གཙོ་དགོས་ཀྱི་འདུག་ཅེས་བརྗོདཀྱི་ཡོད་སྟབས། ལྟ་གྲུབ་ཀྱི་ཐོག་ནས་འགལ་ཟླ་འགྲོ་ཡི་ཡོད་པའི་རྣམ་པ་ཞིག་འཐོན་ཡོང་གི་ཡོད། གང་ཡིན་ཟེར་ན། འཛམ་གླིང་ཐོག་བཙན་བྱོལ་སྒྲིག་འཛུགས་མང་ཆེ་བར་གཟིགས་དང་། མང་ཆེ་བའི་ནང་དམངས་གཙོ་ལག་ལེན་བསྟར་བཞག་པ་མེད། ལོ་རྒྱུས་ཐོག་ནས་ཀྱང་ཕལ་ཆེར་མེད། དེ་གང་ཡིན་ཞེ་ན། དམངས་གཙོ་དང་བཙན་བྱོལ་གཉིས་བར་ལ་ལྟ་གྲུབ་ཐོག་ནས་འགལ་ཟླ་ཞིག་རང་བཞིན་གྱིས་འགྲོ་གི་ཡོད་པ་རེད། བཙན་བྱོལ་ལ་ཡོད་པའི་སྒྲིག་འཛུགས་གང་འདྲ་ཞིག་ཡིན་ཡང་རྩ་དོན་རྩོད་མཁན་ཞིག་ཡིན་སྟབས། རྩ་དོན་རྩོད་མཁན་ལ་ཆིག་སྒྲིག་དང་མགོ་འཁྲིད་གཅིག འབོད་སྒྲ་གཅིག (Unity, Single leader, single voice ) དགོས་པ་དེ་གསལ་བོ་རེད། བཙན་བྱོལ་ལ་ཡོང་དགོས་དོན་ཡང་ཆིག་སྒྲིལ་དང་མགོ་འཁྲིད་གཅིག འབོད་སྒྲ་གཅིག་བྱས་ཏེ་ཕེབས་དགོས་ཀྱི་ཡོད་པ་རེད།
དམངས་གཙོར་ལྟ་སྐབས་དུས་ཆིག་སྒྲིལ་ལ་ལྟ་གྲུབ་འདྲ་མིན་སྣ་ཚོགས་དགོས་ཀྱི་ཡོད་པ་རེད། མགོ་འཁྲིད་གཅིག་ལ་ཕྱོགས་འགལ་ཚོགས་པ་ཡིན་གཅིག་མིན་གཅིག་དགོས་ཀྱི་ཡོད། འབོད་སྒྲ་གཅིག་ལ་གཏམ་བརྗོད་རང་དབང་དགོས་ཀྱི་ཡོད། དེར་བརྟེན། དམངས་གཙོ་ཟེར་བ་དང་རྩ་དོན་རྩོད་མཁན་གྱི་སྒྲིག་འཛུགས་གཉིས་བར་ལ་ལྟ་གྲུབ་ཐོག་ནས་རང་བཞིན་གྱིས་འགལ་ཟླ་ཆགས་འགྲོ་ཡི་ཡོད། ང་ཚོ་བོད་མིའི་སྒྲིག་འཛུགས་འདི་དམངས་གཙོའི་ལམ་ལུགས་ཡིན་ཞེས་པ་དེ་གཞན་དང་མ་འདྲ་བ་ཞིག་ཡིན། ཐུན་མོང་མ་ཡིན་པ་ཞིག་ཡིན་ཟེར་བ་དེ་དངོས་ནས་རང་མཚོན་ཐུབ་ཀྱི་ཡོད། ཐུན་མོང་མ་ཡིན་པར་ཧ་ཅང་ཡག་པོ་ཡིན་པའི་གོ་བ་ཞིག་ཤོད་བཞིན་ཡོད་ཀྱང་། དེ་རྩོད་གཞི་རེད། ཡིན་ནའང་ཐུན་མོང་མ་ཡིན་པ་ཞིག་ཏན་ཏན་ཆགས་ཡོང་གི་ཡོད། གང་ཡིན་བརྗོད་ན།
བཙན་བྱོལ་གཞུང་མང་པོ་ཞེ་དྲག་ཡོད་རེད་དེ། ཁོ་ཚོ་མང་ཆེ་བར་དམངས་གཙོའི་ལམ་ལུགས་ཐོག མི་མང་གིས་འོས་བླུགས་ཏེ་སྲིད་སྐྱོང་དང་། ཁྲིམས་ཞིབ་པ། གྲོས་ཚོགས་ཡོད་པ་ཧ་ཅང་དཀོན་པོ་རེད། གང་ཡིན་ཟེར་ན་རང་བཞིན་གྱིས་འགལ་ཟླ་ཆགས་འགྲོ་ཡི་ཡོད་པ་རེད། ལྟ་གྲུབ་ཐོག་ནས་འགལ་ཟླ་ཡོད་སྟབས་རིམ་པས་ང་ཚོའི་བཙན་བྱོལ་སྒྲིག་འཛུགས་ཀྱི་ཕྱག་ལས་གནང་སྟངས་ཐད་ནས་ཀྱང་འགལ་ཟླ་འགྲོ་སྲིད་པ་ཞིག་རེད། འགལ་ཟླ་ཡོང་པའི་སྐབས་སུ་ལྕི་ཡང་བལྟས་ཏེ་རྩ་དོན་རྩོད་རྒྱུ་གལ་ཆེ་བ་རེད་འདུག་གམ། ཡང་ན་དམངས་གཙོ་གལ་ཆེ་བ་འདུག བགྲོ་གླེང་ཞིག་རང་བཞིན་གྱིས་ཡོང་གི་རེད། གཞི་རྩའི་དམངས་གཙོ་རྩ་ཆེན་པོ་དང་གལ་ཆེན་པོ་ཞེ་དྲག་རེད། ལག་ལེན་བསྟར་དགོས་ཀྱི་ཡོད་རེད། ཡིན་ནའང་རྩ་དོན་གལ་ཆེན་པོ་ཞེ་དྲག་རེད། དེ་གཉིས་ཀྱི་ས་མཚམས་གང་དུ་གནས་དང་མ་གནས་རྣམ་པ་ཚོ་ཁྲིམས་ལ་སློབ་སྦྱོང་ཡོད་མཁན་ཁོ་ན་ཡིན་སྟབས་ཐུགས་ཞིབ་གནང་རོགས། གཅིག་བྱས་ན་ད་ཐེངས་ཀྱི་བགྲོ་གླེང་ཐོག་འདི་གལ་ཆེ་བ་རེད། དེ་གལ་ཆུང་བ་རེད། ཅེས་གསུང་ཆོག་གི་རེད།
རྒྱལ་སྤྱིའི་ཐོག་ནས་ཁྲིམས་རྩོད་པ་གནང་དགོས་རྒྱུ་གལ་ཆེན་པོ་ག་རེ་རེད་བརྗོད་ན། བོད་དོན་དང་འབྲེལ་བའི་ཐོག་ནས་ཁྲིམས་ཀྱི་སྒང་ལ་རྩོམ་དང་དེབ་འབྲི་མཁན་བོད་མིའི་ནང་ལ་ཧ་ཅང་དཀོན་པོ་རེད། ད་ཆར་ཁྲིམས་རྩོད་པ་དང་ཁྲིམས་སློབ་སྦྱོང་བྱེད་མཁན་ ༡༠༠ མ་ཟིན་ཙམ་འདུག འདི་དག་ནང་དུའང་རྩོམ་དང་དེབ་འབྲི་མཁན་དཀོན་པོ་ཆགས་འདུག དེར་བརྟེན། རང་བཞིན་གྱིས་རྣམ་པ་ཚོར་འགན་ཡོད་པ་མ་ཟད་འགན་ཆེན་པོ་ཞིག་ཡོད་པ་རེད། ལོ་ ༥༠ ནང་ཁྲིམས་རྩོད་པ་བརྒྱ་ཙམ་བྱུང་ཡོད་པ་དེ་མི་འབོར་ལ་དཔག་ན་ཧ་ཅང་ཉུང་ཉུང་མ་རེད། ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་མང་དུ་གཏོང་ཐབས་གསུང་གི་འདུག མང་ཉུང་གང་ལྟར་ཡང་ཐུགས་ཕན་གསོ་བ་ཞིག་ཡོང་རྒྱུར་ད་ལྟའི་བར་རྣམ་པ་ཚོས་འབད་བརྩོན་གནང་གི་ཡོད་རེད་ལ་གནང་རྒྱུ་གལ་ཆེན་པོ་རེད། རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་སྡིངས་ཆ་མང་པོ་ཞིག་ང་ཚོ་ལ་རག་ཡོང་གི་ཡོད་པ་རེད། ཡིན་ནའང་ཕར་བཀའ་མོལ་གནང་མཁན་བཅར་དགོས་དུས། མཛུབ་མོ་བཙུགས་ནས་གཏོང་དགོས་པ་འདྲ་བོ་ཆགས་ཡོད། ཅེས་གསུངས།
མཐར་ཁོང་གིས་ང་ཚོའི་སྤྱི་ཚོགས་ནང་ཁུལ་དང་འབྲེལ་བ་ཡོད་པའི་ཐོག་ནས། རྣམ་པ་ཚོས་ཁྲིམས་ཀྱི་ཚོགས་པ་འཛུགས་པའམ་ཡང་ན་དྲ་ཐོག་ནས་འབྲེལ་ལམ་འཛིན་པ་གང་ལྟར། མི་མང་ལ་ཐུགས་ཕན་སོས་པའི་ཞབས་ཞུ་བསྒྲུབ་ཐུབ་ངེས་རེད་བསམ་གྱི་འདུག ང་ཚོའི་མི་རབས་རྒན་པའི་སྐབས་ལ་ཡ་རབས་སྤྱོད་བཟང་ཡིན་སྟབས། རྒྱ་གར་ནང་ཁྲིམས་འགལ་བྱེད་མཁན་དང་བཙོན་ཁང་ནང་འགྲོ་མཁན་བརྒྱ་ཆ་ཉུང་ཤས་ཆགས་ཡོད། ང་ཚོ་མི་རབས་གསར་པའི་སྐབས་སུ་ངྷ་རམ་ས་ལ་དང་ལྡི་ལི་སོགས་སུ་བོད་མི་ཞིག་བཙོན་ཁང་དུ་ཡར་ཚུད་འདུག་མར་ཐོན་འདུག་ཟེར་པ་རེ་ཟུང་ཡོང་གི་འདུག སྤྱི་སྒེར་ག་འདྲ་ཞིག་གི་ཐོག་ནས་ནོར་འཁྲུལ་བྱས་ཏེ་ཁྲིམས་ཁང་དང་བཙོན་ཁང་དུ་བསླེབས་པ་ཡིན་ན། བོད་མི་ཞིག་ཡིན་པའི་ཆ་ནས་ཕྱག་རོགས་གནང་དགོས་ཀྱི་ཡོད་པ་རེད། ཕྱག་རོགས་སུས་གནང་ཐུབ་པ་རེད་ཟེར་ན་ཁྲིམས་ཀྱི་ལག་འཁྱེར་ཡོད་མཁན་ཚོས་གནང་ཐུབ་ཀྱི་ཡོད་སྟབས། དེ་ཐུགས་ལ་འཇོག་རོགས། ཞེས་གསུང་བཤད་གནང་ཡོད།།