༢༠༡༣ ཟླ་ ༤ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༢༥ ཉིན་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཆེན་པོ་ཧོར་གྱི་བརྙན་འཕྲིན་དང་རླུང་འཕྲིན། ཚགས་ཤོག་སོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་གི་གསར་འགོད་པ་གྲངས་ ༡༩ མཇལ་འཕྲད་དང་ཁོང་རྣམ་པར་གསུང་བཤད་གནང་དོན།
ད་རེས་ཁྱེད་རྣམས་འདིར་བཞུགས་སྒར་རྡ་རམ་ས་ལར་ཕེབས་ཏེ་མཇལ་བར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་རིང་ཁྱེད་རྣམས་དང་མཇལ་བའི་ཉིན་འདི་ནི་པཎ་ཆེན་རིན་པོ་ཆེ་མཆོག་སྐུ་འཁྲུངས་པའི་ཉིན་མོ་དེ་ཡིན་ལ་ད་ཆ་པཎ་ཆེན་རིན་པོ་ཆེ་མཆོག་དགུང་ལོ་ ༢༤ ཕེབས་ཀྱི་ཡོད། རིན་པོ་ཆེ་མཆོག་དགུང་ལོ་ ༦ ནས་རྒྱའི་དོ་དམ་བྱས་པར་སོང་ད་བར་ཁོང་གར་སོང་ཆ་མེད་དུ་གྱུར་བ་དེས་བོད་ནང་ཆོས་དད་རང་དབང་གི་གནས་སྟངས་ཇི་ཡོད་གསལ་པོ་བསྟན་ཡོད། པཎ་ཆེན་རིན་པོ་ཆེ་མཆོག་ལོ་ངོ་ ༡༨ རིང་གསང་བ་བྱས་ཏེ་བཞག་པ་དེས་ཆོད་དང་རང་དབང་མེད་ཙམ་མ་ཟད་ཆོས་བྱེད་མཁན་ཚོར་དམ་བསྒྲགས་ཇི་ཙམ་བྱེད་ཀྱི་ཡོད་པ་གསལ་པོ་ཆགས་ཡོད།
གཞན་ཡང་ལྷ་ས་ཇོ་ཁང་དགོན་པའི་གནས་དེ་བོད་སྤྱི་ཡོངས་ཀྱི་གནས་སྟངས་ལ་གསལ་པོ་མཚོན་པ་ཡིན། ཇོ་ཁང་ནི་བོད་རིགས་ནང་པ་ཚོས་རྩ་ཆེ་ཤོས་རྩི་ས་ཞིག་ཡིན། དེའི་ནང་རྟེན་གཙོ་བོ་ཇོ་བོ་རིན་པོ་ཆེ་ནི་རྒྱ་ནག་ནས་གདན་འདྲེན་ཞུས་པ་ཞིག་ཡིན། དེ་བཞིན་དེའི་ནང་གཙོ་བོ་གཅིག་སྲོང་བཙན་སྒམ་པོ་མཆོག་དང་ཁོང་གི་བཙུན་མོ་རྒྱ་ས་དང་བལ་ས་གཉིས་ཡོད་པའི་དགོན་པ་དེ་ད་ལྟའི་ཆར་བཙོན་ཁང་ལྟ་བུར་གྱུར་ཡོད། ཇོ་ཁང་གཡས་གཡོན་དང་སྐོར་ལམ་དུ་རྒྱ་དམག་གིས་མེ་མདའ་འཁྱེར་ཏེ་མཐའ་སྐོར་ཡོད་པ་དང་། ཁང་པའི་ནང་བསོ་ལྟའི་དཔར་ཆས་བཙུགས་ཡོད། ནང་ཆོས་བྱེད་མཁན་ཚོ་ནང་སྐོར་རྒྱག་སྐབས་རྒྱ་མིའི་དམག་མིས་ཕྱི་སྐོར་རྒྱག་གི་ཡོད་པ་བཅས་བཙོན་ཁང་ལྟ་བུར་གྱུར་ཡོད། ཅེས་གསུངས།
གཞན་ཡང་སྲིད་སྐྱོང་མཆོག་གིས་ད་ཆ་བོད་ནང་བོད་མི་ཚོས་རང་ལུས་མེར་སྲེག་གིས་ལམ་ནས་རྒྱ་ནག་གཞུང་གི་འཛིན་པའི་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་བྱེད་མཁན་བོད་མི་གྲངས་ ༡༡༧ བྱུང་ཡོད་པ་ཁོང་ཚོའི་དགོས་འདུན་ནི་༸གོང་ས་མཆོག་བོད་ལ་ཆིབས་སྒྱུར་གནང་སྟེ་ཞལ་མཇལ་གསུང་ཐོས་རྒྱུ་དེ་ཡིན། དེ་ཡང་ཕྱིའི་མི་རིགས་ཚོར་༸གོང་ས་མཆོག་མཇལ་རྒྱུའི་གོ་སྐབས་ཡོད་པ་བཞིན་བོད་ནང་གི་བོད་མི་ཚོར་ཡང་དེ་བས་གོ་སྐབས་དེ་དགོས་པ་གསལ་སྟོན་བྱས་ཡོད་སྐོར་སོགས་དང་། དེ་མིན་བོད་སོག་བར་མཐུན་མོང་མིན་པའི་འབྲེལ་བ་ཡོད་སྐོར་དང་དེ་བས་དགའ་ལྡན་ཕོ་བྲང་གཞུང་དང་སོག་པོའི་བར་འབྲེལ་ལམ་ཆེན་པོ་བྱུང་ཡོད་སྐོར། སོག་པོ་གཞུང་དམངས་གཉིས་ནས་བོད་མིར་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་ཡོད་པར་བཀའ་དྲིན་ཆེ་ཞུས་པ་དང་སྦྲགས། དྲི་བ་དྲིས་ལན་གྱི་གོ་སྐབས་ཡང་གནང་ཡོད་པ་བཅས།།