གཞུང་འབྲེལ་གྲོས་ཆོད།

༄༅། །ལས་སྨོན་རྟེན་འབྲེལ་རྒྱུ་རྐྱེན་དུ་མའི་དབང་ལས་བོད་མིས་དོལ་རྒྱལ་བསྟེན་གསོལ་བྱ་རྒྱུ་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་དང༌། བོད་ལྗོངས་སྐྱེ་འགྲོའི་བདེ་སྐྱིད་ལ་གནོད་གཞི་ཆེ་བ་ལུང་རིགས་དང༌། དག་སྣང་ཉམས་མྱོང་ཀུན་མཐུན་ཚད་གྲུབ་ལ་བརྟེན། ༸རྒྱལ་མཆོག་ལྔ་པ་ནས་བཟུང་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་དབུས་ཚད་ལྡན་སྐྱེས་མཆོག་དུ་མས་དགག་བྱ་མཛད་མུས་ལྟར། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཀྱང་བཀག་བསྡོམས་དོ་ནན་མཛད་སྐབས་མཁས་ཤིང་གྲུབ་པ་བརྙེས་པའི་རྩོད་མེད་ཀྱི་བསྟན་འཛིན་སྐྱེས་བུ་ཡོངས་གྲགས་རྣམས་ནས་བཟུང་ཆབ་འབངས་དཀྱུས་མ་ཡན་ལྷ་སྡེ་མི་སྡེ་སྤྱི་ཡོངས་ནས་བཀའ་གསུང་དྭང་ལེན་གྱི་སྤང་བླང་འགལ་མེད་ཞུས་པ་ཀུན་གྱིས་མཁྱེན་གསལ་ཡང༌། སླར་བོད་ལྗོངས་ཆབ་སྲིད་ཉམས་དམས་སྐབས་དགོན་སྡེ་དང་བླ་སྤྲུལ། ཡུལ་མི་དཀྱུས་མ་ཚུན་དོལ་རྒྱལ་བསྟེན་གསོལ་རྒྱ་ཁྱབ་དངོས་གསལ་ཇེ་ཆེར་གྱུར་སྟབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དགོངས་དཔྱད་རྟོག་ཞིབ་ཟབ་ནན་རྒྱུན་བསྲིངས་དང༌། སྐུའི་ཡོངས་འཛིན་རྣམ་གཉིས་དང་བཀའ་གྲོས་ཞིབ་མོལ་གནང་རྗེས་དགག་དགོས་རྒྱུ་མཚན་གསལ་གཟིགས་བྱུང་བསྟུན། གཞིས་བྱེས་བོད་རིགས་མཆོག་དམན་ཡོངས་ལ་དོལ་རྒྱལ་བསྟེན་གསོལ་བྱ་རྒྱུ་དགག་བྱ་ཆེ་ལ་དགེ་མཚན་མེད་པས་ཚང་མས་བླང་དོར་མ་འཕྱུག་པ་དགོས་པའིབཀའ་སློབ་གསལ་རྗེན་ ༡༩༧༨ ལོ་ནས་བསྩལ་གནང་བཀའ་དྲིན་ཆེ་བ་བཞིན། བོད་མི་ཆེ་ཕྲ་ཕལ་མོ་ཆེས་སྐབས་དེ་དུས་ནས་སྔར་འགྱོད་ཕྱིས་བསྡོམས་ཀྱིས་བླང་དོར་ཞུ་སྒོ་བཀའ་དགོངས་དང་མཐུན་པ་ཞུས་བཞིན་དེ་ལྟར་ཡང༌། རྨོངས་ཞེན་ཅན་བཀའ་འཁུར་དྭང་ལེན་བྱུང་མིན་གྱི་གནས་ཚུལ་ཉུང་ཤས་བྱུང་བ་རྣམས་འདས་པའི་ལོ་ཤས་ནང་རིམ་པས་མངོན་གསལ་ཇེ་ཆེ་དང༌། ལྷག་པར་༸གོང་ས་མཆོག་གི་བཀའ་སློབ་ཁག་ལའང་དྲང་ངེས་ཀྱི་འགྲེལ་བརྗོད་རང་སྣང་གང་ཤར་བྱས་ཏེ་སྐྱེ་བོ་མང་པོ་བསླུ་བྲིད་འོག་ཚུད་རྒྱུའི་ཉེན་ཁ་དངོས་བྱུང་ལ་བརྟེན། སླར་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོས་འདི་ལོ་སྨོན་ལམ་གསུང་ཆོས་སྔ་རྗེས་སུ་བཀའ་སློབ་ཟབ་ནན་ཕེབས་དགོངས་ལ་གཞིས་ནས་བཙན་བྱོལ་བོད་གཞུང་གིས་བོད་མིའི་སྤྱི་ཚོགས་ནང་༸གོང་ས་མཆོག་གི་བཀའ་སློབ་གཞིར་བཟུང་བླང་དོར་ཞུ་སྒོ་ཚགས་ཚུད་ཡོང་བའི་ལྕམ་རྩ་རྡོ་གནོན་གྱི་མཇུག་སྐྱོང་ཞུ་དགོས་སྐབས་བབས་ཀྱི་ལས་འགན་འགངས་ཅན་དུ་སོང༌། སྤྱི་འཐུས་རྒྱུན་ལས་དང༌། བཀའ་ཤག སྐུ་སྒེར་ཡིག་ཚང་བཅས་ནས་གསལ་བསྒྲགས་ཞིབ་འཇུག་བཏང་འཛིན་ནན་འཐུས་གནང་བ་གང་ལེགས་བྱུང་འདུག་ཅིང༌། དེ་ལ་བརྟེན་ནས་རྣམ་འབྱེད་ཤེས་རབ་ཀྱིས་འཕོངས་པ་རེ་ཟུང་ཙམ་ལས་དེ་མིན་བོད་རིགས་ཡོངས་ནས་རང་དོན་རང་གཅེས་ཀྱི་བཀའ་འཁུར་དྭང་ལེན་བླང་དོར་འཛོལ་མེད་ཚུལ་བཞིན་ཞུས་འདུག་པ་ཡི་རངས་བསྔགས་བརྗོད་ཀྱི་གནས་སུ་གྱུར། འོན་ཀྱང་གཞན་དབང་དུ་སོང་བའི་སྐྱེ་བོ་ཆེས་ཉུང་ཤས་ཤིག་གིས་རང་ཉིད་ངོ་ཐོན་མ་ནུས་ཀྱང་མིང་མེད་ཡིག་འཁྱར་འགྲེམས་སྤེལ་དང༌། ཕྱི་གླིང་པའི་མི་རིགས་བློ་ཆུང་རེ་ཟུང་ལ་བརྒྱུད་བསྐུལ་གྱིས་རྒྱལ་སྤྱིའི་ནང་གཏམ་འཆལ་ཁྱབ་སྤེལ། ༸གོང་ས་ཆེན་པོར་མཚན་སྨད་ཞུ་པ་སོགས་དང༌། ཡང་རྨོངས་ཞེན་ཨུ་ཚུགས་ཅན་འགའ་རེས་དོལ་རྒྱལ་བསྟེན་གསོལ་ཆོག་འཐུས་བཀའ་འཁྲོལ་ཞུ་བའི་༸གོང་ས་ཆེན་པོར་༸སྙན་ཞུ་འབུལ་རིགས་ཀྱང་བྱུང་འདུག་པ་བཅས་བྱུང་རིམ་འདི་དག་ལ་གཞིག་ན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་གཞུང་གི་འདིའི་སྐོར་སྲིད་བྱུས་འཛིན་ཕྱོགས་ཇི་ཡིན་གསལ་བཀྲོལ་དང་འབྲེལ་བླང་དོར་ལམ་སྟོན་གསལ་འཁོད་ཀྱི་གྲོས་ཆོད་ཅིག་བཞག་རྒྱུ་ལོ་རྒྱུས་ཀྱི་དགོས་མཁོ་ཡིན་པར་མཐོང༌།

གྲོས་ཆོད།
༡། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་བོད་བསྟན་སྲིད་ཀྱི་བདེ་དོན་ཁོ་ནར་དགོངས་ཏེ་དོལ་རྒྱལ་བསྟེན་གསོལ་མི་རུང་བའི་བཀའ་སློབ་གསལ་རྗེན་འཛེམས་ཟོན་མེད་པར་བསྩལ་གནང་མཛད་པར་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞིས་བྱེད་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༸གོང་ས་ཆེན་པོར་ཐུགས་རྗེ་དང་བཀའ་དྲིན་བླ་མེད་དུ་ཆེ་ཞེས་གསོལ་བ་དང་ཆབས་ཅིག་བོད་མི་ཡོངས་ཀྱིས་ཅི་གསུང་བཀའ་བསྒྲུབ་ཞུ་རྒྱུའི་དམ་བཅའ་བསྐྱར་ནན་འབུལ་རྒྱུ་དང༌།

༢། སྐབས་བཅུ་གཅིག་པའི་སྤྱི་འཐུས་རྒྱུན་ལས་དང༌། བཀའ་ཤག་བཅས་ནས་འདིའི་སྐོར་གསལ་བསྒྲགས་སྔ་རྗེས་གནང་བ་རྣམས་ལ་སྤྱི་ལྷན་གྱིས་ངོས་བཞེས་བསྐྱར་ནན་དང་འབྲེལ་བོད་མི་ཡོངས་ལ་དེ་མཐུན་བླང་དོར་འཛོལ་མེད་ཡོང་བའི་གཞེན་སྐུལ་ནན་པོ་ཞུ་རྒྱུ།

༣། ད་ལམ་༸གོང་ས་མཆོག་གི་བཀའ་སློབ་དང༌། བོད་གཞུང་བཀའ་སྤྱིས་གསལ་བསྒྲགས་བྱུང་འཕྲལ་བཀའ་དགོངས་དྭང་ལེན་བླང་དོར་འཛོལ་མེད་གནང་མཁན་གྱི་དགོན་སྡེ་དང༌། སྒྲིག་འཛུགས་ཁག བླ་སྤྲུལ་དགེ་བཤེས། ཡུལ་མི་སེར་སྐྱ་བཅས་སྤྱི་སྒེར་ཚང་མར་ཡི་རངས་བསྔགས་བརྗོད་ཞུ་རྒྱུ།

༤། ད་ལྟ་བླང་དོར་ཚུལ་བཞིན་མ་ཟིན་ཡང་གནས་ཚུལ་ཇི་བཞིན་མ་རྟོགས་པར་གཞན་ཀྱི་རྫུན་གཏམ་འོག་མགོ་བོ་རྨོངས་བསྡད་རྣམས་ལ་བོད་གཞུང་ཆོས་རིག་ལྷན་ཁང་སོགས་འབྲེལ་ཡོད་ལས་ཁུངས་དང༌། ལས་བྱེད་ཁག་གི་མདུན་ནས་༸གོང་ས་མཆོག་གི་བཀའ་སློབ་སྔ་རྗེས་ཀྱི་ཕྱག་དེབ་དང༌། སྒྲ་འཛིན་འཁོར་ཐག་སོགས་ཞུས་ཏེ་ཉམས་ཞིབ་དོགས་གཅོད་ཀྱི་སྒོ་ནས་གོ་རྟོགས་ཡང་དག་སྤེལ་ཏེ་ཐག་གཅོད་བླང་དོར་འཛོལ་མེད་འཕྲལ་དུ་གནང་དགོས་ཀྱི་འབོད་བསྐུལ་ཞུ་རྒྱུ།

༥། རེ་འགའ་བཙན་བྱོལ་བོད་གཞུང་གིས་དོལ་རྒྱལ་བསྟེན་གསོལ་སྐོར་དགེ་སྐྱོན་གསལ་བཤད་གནང་བ་ཆོས་དད་རང་མོས་ཀྱི་ཐོབ་ཐང་དང་འགལ་ཚུལ་གྱི་གཞི་མེད་བསྒྲགས་གཏམ་སྤེལ་མཁན་རྣམས་ལ་ཆོས་ལུགས་གཞིར་བཟུང་འཇིག་རྟེན་དྲེགས་པ་བསྟེན་གསོལ་འོས་མིན་ལམ་སྟོན་བྱ་རྒྱུ་ནི་ཆོས་ཀྱི་སློབ་སྟོན་ཞིག་ལས་ཆོས་དད་རང་དབང་གི་གནས་ཚུལ་ལ་དོ་ཕོག་གཞར་ཡང་མེད་པའི་བདེན་དོན་གནས་ལུགས་ནན་བརྗོད་བྱ་རྒྱུ་ཞིག་ལ། ལུང་རིགས་ཀྱི་ལམ་ནས་དྲེགས་པ་བསྟེན་གསོལ་འོས་མིན་རྣམ་འབྱེད་བྱེད་པ་དེ་དག་ཆོས་དད་རང་དབང་གི་ཐོབ་ཐང་ལ་འགལ་ཟླར་གྱུར་ཚེ། ཆོས་བརྒྱུད་སོ་སོའི་རང་ལུགས་དང་བསྟུན་ཏེ་དཔེར་ན། ཁ་ཆེའི་ཆོས་ཁང་ནང་སངས་རྒྱས་ཀྱི་སྐུ་བརྙན་འཇོག་མི་ཆོག་པ་དང༌། ནང་པས་དབང་ཕྱུག་སོགས་ལྷ་གཞན་སྐྱབས་སུ་འཛིན་པ་སྐྱབས་འགྲོ་གཏོང་བའི་རྒྱར་བཤད་པའང་ཆོས་དད་རང་དབང་དང་འགལ་བར་ཐལ་ཞིང༌། མདོ་དོན་སྟོན་པ་ཐུགས་རྗེ་ཅན་གྱིས་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་གསུངས་པའང་འདོད་དབང་དང༌། སྨྲ་བརྗོད། བསམ་བློའི་རང་དབང་བཅས་དང་འགལ་ཚུལ་གྱི་འཁྱོག་བཤད་བྱེད་པ་དང་ཀུན་ནས་མཚུངས་ཤིང༌། བརྒྱ་ལ་རང་དབང་ཐོབ་ཐང་ཞིག་གི་གྲལ་དུ་རྟོག་པས་མཐའ་བཟུང་གིས་ཚུདདབང་བཏང་ནའང༌། བོད་མིའི་འཕྲལ་ཕུགས་ཀྱི་རྩ་དོན་དང་མང་ཚོགས་ཀྱི་ཁེ་ཕན་ཆེད་ཁྲིམས་ལུགས་གང་རུང་འོག་བཀའ་བསྡོམས་བྱ་འཐུས་ཀྱི་ཆ་རྐྱེན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེར་གསལ་ཡོད་པའང་མཁྱེན་དགོས་པ་ཞིག་ཡིན།

༦། ཡང་བདེན་པ་མིན་པའི་སྦིར་གཏམ་འགའ་ཞིག་ནང༌། དོལ་རྒྱལ་བསྟེན་གསོལ་བཀག་འགོག་བྱ་རྒྱུ་བླ་མ་བརྒྱུད་པའི་ཕྱག་བཞེས་དང་མི་མཐུན་པ་ཡིན་ཚུལ་བརྗོད་མཁན་བྱུང་འདུག་པ་དེ་ནི་༸རྒྱལ་བ་སྐུ་ཕྲེང་ན་རིམ་དང༌། བོད་ཀྱི་བསྟན་འཛིན་གྲགས་ཅན་རིམ་བྱོན། ལྷག་པར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པས་དོལ་རྒྱལ་བསྟེན་གསོལ་བཀག་འགོག་གནང་སྐབས། སྐབས་དེའི་མཁས་གྲུབ་ཀྱྀ་སྐྱེས་ཆེན་ཡོངས་གྲགས་ཚང་མས་དགོངས་དབྱངས་གཅིག་མཐུན་གྱི་བླང་དོར་དང་ལེན་མཛད་པ་མ་ཟད། སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ཀྱང་སྐུའི་ཡོངས་འཛིན་གཉིས་ཀྱིས་མཚོན་ཚད་ལྡན་བླ་མ་བརྒྱུད་པའི་དགོངས་པ་ཚུལ་བཞིན་སྒྲུབ་གནང་མཛད་པ་ཞིག་ཡིན་སྟབས་གོང་འཁོད་སྦིར་གཏམ་དེ་རང་འདོད་ཕྱོགས་ཞེན་ཁོ་ན་ལས་གཞི་རྩ་གཏན་ནས་མེད་པའི་གསལ་བརྗོད་ནན་པོ་བྱེད་རྒྱུ།

༧། ཡང་འགའ་ཞིག་གིས་བོད་མི་འགའ་ཤས་ནས་ཁྱིམ་ཚང་དང་གང་ཟག་བྱེ་བྲག་པ་འགའ་རེར་ལྷ་སྲུང་བསྟེན་ཕྱོགས་ལ་བསྙད་པའི་བསྙད་གཙེར་དང༌། ལྷ་སྐུ་རྟེན་ཆས་བཙན་འཁྱེར་བྱས་པ། ལས་བྱེད་པ་ལས་འཁུར་ནས་ཕྱིར་འབུད་བྱས་པ་སོགས་ཀྱི་རྫུན་གཏམ་སྤེལ་འདུག་པ་དེ་དག་དངོས་བདེན་ར་འཕྲོད་འཕེར་བ་གཅིག་ཀྱང་མི་འདུག གལ་སྲིད་དེ་འདྲའི་གནས་ཚུལ་བྱུང་དང་འབྱུང་སྲིད་ཚེ་བྱ་སྤྱོད་དེ་རིགས་༸གོང་ས་མཆོག་གི་དགོངས་བཞེད་དང༌། བཙན་བྱོལ་གཞུང་གི་མཛད་བྱུས་གཏན་ནས་མིན་པ་མ་ཟད། གཞུང་ངོས་ནས་དགག་བྱ་སྐྱོན་བརྗོད་ཤུགས་ཆེ་བྱེད་རྒྱུ་ཡིན་པས། སྤྱི་སྒེར་སུ་ཐད་ནས་དེ་རིགས་མི་འབྱུང་བའི་འབོད་བསྐུལ་ཞུ་རྒྱུ།

༨། མདོ་དོན། བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་དབང་བྱུས་འོག་ཡོད་པའི་སྒྲིག་འཛུགས་ལས་ཁུངས་ཁག་དང༌། སྡེ་ཚན་ཁག་དགོན་སྡེ་ཁག་མ་ལག་དང་བཅས་པའི་ནང་དོལ་རྒྱལ་བསྟེན་གསོལ་ནམ་ཡང་མི་ཆོག་པའི་བཀོད་འདོམས་ཁྲིམས་སྒྲིག་གཞིར་བཟུང་བྱེད་རྒྱུ་དང༌། ཡུལ་མི་བྱེ་བྲག་པ་རྣམས་ལ་དོལ་རྒྱལ་བསྟེན་གསོལ་བྱེད་ཚེ་བོད་ཀྱི་སྤྱི་དོན་དང༌། ༸གོང་ས་མཆོག་གི་སྐུ་ཕྱྭར་འགའ་རྐྱེན། རྒྱ་འདྲེའི་མགོ་འཕང་མཐོ་རྐྱེན་བཅས་སུ་འགྲོ་བ་བཅས་ལུག་རིགས་ཀྱི་ལམ་ནས་ཚད་གྲུབ་ཡིན་པའི་གནས་ཚུལ་གསལ་བཤད་ཐོག དེ་རྗེས་ཇི་དགེའི་ཐག་གཅོད་སོ་སོར་རང་འདོད་ལྟར་གནང་རྒྱུ་ལས། བཙན་ཤེར་བྱ་འོས་མ་མཆིས་ཀྱང༌། དོལ་རྒྱལ་བསྟེན་གསོལ་བྱེད་མཁན་ཞིག་ཡིན་ཚེ། ༸གོང་ས་མཆོག་གི་སྐུ་མདུན་ནས་སྔགས་ཀྱི་དབང་ལུང་སོགས་ཞུ་བཅར་མི་འོས་པའི་འབོད་བསྐུལ་ནན་པོ་གནང་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷ་ཚོགས་ཀྱིས་ཕྱི་ལོ་ ༡༩༩༦ ཕྱི་ཟླ་ ༦ ཚེས་ ༦ ལ།།

Menu