སྲིད་སྐྱོང་མཆོག་གིས་དོལ་རྒྱལ་རྗེས་འབྲང་པའི་ཚུལ་མིན་བྱ་སྤྱོད་སྐོར་ལ་གསར་འགོད་གསལ་བསྒྲགས་སྤེལ་བ།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༨ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡༢།༣༠ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་པའི་གསར་འགོད་པ་ཁྱོན་མི་གྲངས་ ༢༠ བརྒལ་བ་ལྷན་འཛོམས་བྱུང་བ་རྣམས་ལ་དོལ་རྒྱལ་རྗེས་འབྲངས་པའི་ཚུལ་མིན་བྱ་སྤྱོད་སྐོར་ལ་གསར་འགོད་གསལ་བསྒྲགས་སྤེལ་དོན། ཚང་མས་མཁྱེན་གསལ་ལྟར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ནང་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་རེད། དམིགས་བསལ་ནོར་ཝེའི་རྒྱལ་ཁབ་ནང་མཛད་འཕྲིན་སྐྱོང་བཞིན་ཡོད། མཛད་འཕྲིན་ཧ་ཅང་རྒྱས་པ་ཡོང་གི་ཡོད་པ་ང་ཚོ་ཚང་མས་མཁྱེན་གསལ་རེད། དམིགས་བསལ་ནོར་ཝེ་ནང་ནོར་ཝེ་མི་དམངས་ནས་༸གོང་ས་མཆོག་ལ་དགའ་བསུའི་ཕེབས་བསུ་གཟབ་རྒྱས་ཞུ་བཞིན་ཡོད། བདུན་ཕྲག་གཉིས་ཙམ་གོང་གསར་འགྱུར་བརྒྱུད་ལམ་ཁག་ནང་དམིགས་བསལ་གླེང་སློང་མང་དག་ཅིག་བྱུང་ཡོད། གསར་འགྱུར་བརྒྱུད་ལམ་ཁག་ནས་ཡིན་རུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནོར་ཝེར་ཆིབས་སྒྱུར་བསྐྱང་རྒྱུར་དགའ་བསུ་དང་ཕེབས་བསུ་ཞུས་པའི་ཐོག་དམིགས་བསལ་གནད་དོན་གཅིག་ག་རེ་གསུང་གི་འདུག་ཅེ་ན། རྒྱ་ནག་གཞུང་གིས་གནོན་ཤུགས་འོག་ནོར་ཝེའི་གཞུང་གི་གནད་ཡོད་མི་སྣ་ཚོས་༸གོང་ས་མཆོག་དང་མཇལ་འཕྲད་མ་ཞུས་པ་དེ་ནི་རྩ་བ་ནས་འགྲིག་གི་མེད། ཅེས་གསར་འགྱུར་བརྒྱུད་ལམ་ཁག་ནས་གཅིག་མཚུངས་གསུང་གི་འདུག

མི་དམངས་ནས་ཀྱང་གཞུང་གི་གནད་ཡོད་མི་སྣས་མཇལ་འཕྲད་མ་ཞུས་པ་དེར་མོས་མཐུན་མེད་པ་དང་༸གོང་ས་མཆོག་ནོར་ཝེར་ཆིབས་སྒྱུར་བསྐྱངས་པ་ནི་བཀའ་དྲིན་ཆེན་པོ་ཡིན་པའི་རྣམ་པ་ཤུགས་ཆེ་སྟོན་གྱི་འདུག འོན་ཀྱང་བློ་ཕམ་དགོས་པ་ཞིག་ལ། དོལ་རྒྱལ་བསྟེན་མཁན་ཉུང་ཤས་ཤིག་དང་དེའི་ནང་ནས་ལྔ་བཅུ་དྲུག་ཅུ་ཙམ་ཡོད་པ་རྣམས་མང་ཆེ་བ་ཕྱི་རྒྱལ་གྱི་མི་རིགས་ཆགས་འདུག ཁོ་པ་ཚོས་གསར་འགྱུར་བརྒྱུད་ལམ་ཁག་ནང་༸གོང་ས་མཆོག་ནོར་ཝེར་ཆིབས་སྒྱུར་བསྐྱངས་སྐབས་ནོར་ཝེའི་གཞུང་གི་གནད་ཡོད་མི་སྣས་མཇལ་འཕྲད་མ་ཞུས་པ་དེར་རྒྱབ་སྐྱོར་ཡོད། ཅེས་བརྗོད་འདུག དེ་ནི་བློ་ཕམ་དགོས་པའི་གནས་ཚུལ་ཡིན་པ་མ་ཟད། ཧ་ཅང་ཐབས་སྐྱོ་པོ་རེད། དོལ་རྒྱལ་བསྟེན་མཁན་ཚོས་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཁར་འཁྱེར་བ་ཙམ་ལས་ཆབ་སྲིད་རགས་པ་རང་འཁྲབ་བཞིན་ཡོད་པ་ཧ་ཅང་གསལ་པོ་ཆགས་ཡོད། རྒྱ་ནག་གཞུང་གིས་གནོན་ཤུགས་འོག་ནོར་ཝེའི་གཞུང་གི་གནད་ཡོད་མི་སྣས་༸གོང་ས་མཆོག་དང་མཇལ་འཕྲད་མ་ཞུས་པ་དེར་རྒྱབ་སྐྱོར་ཡོད། ཅེས་དོལ་རྒྱལ་བསྟེན་མཁན་ཞིག་གིས་ཤོད་སྐབས། རྒྱ་ནག་གཞུང་གིས་ཆབ་སྲིད་ཐོག་བེད་སྤྱོད་གཏོང་གི་ཡོད་པ་ཧ་ཅང་གསལ་པོ་ཆགས་ཡོད། དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བཀའ་ཤག་གི་ཚབ་ཞུས་ཏེ་ཞུ་རྒྱུ་ཡིན།

དེ་ནས་དོལ་རྒྱལ་ཚོགས་པས་དུས་ད་ལྟ་བར་དུ་གླེང་སློང་བྱེད་བཞིན་པ་ནི། བཙན་བྱོལ་སྤྱི་ཚོགས་ནང་དོལ་རྒྱལ་བསྟེན་མཁན་ཚོར་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་མེད་པ་མ་ཟད། སློབ་གྲྭ་དང་གཞིས་ཆགས་ཁག་ནང་དབྱེ་འབྱེད་བྱེད་ཀྱི་ཡོད་པའི་གཞི་མེད་ཀྱི་སྐྱོན་འཛུགས་མང་དག་ཅིག་བྱེད་བཞིན་ཡོད། ཞིབ་ཚགས་ཐོག་གཟིགས་ན། སྤྱིར་བཏང་དེའི་ཐོག་རྒྱ་གར་གྱི་འགྲོ་བ་མིའི་ཐོབ་ཐང་གི་བསྟི་གནས་ཁག་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། ལྡི་ལིའི་ཁྲིམས་ཁང་བཅས་ནས་ཀྱང་དེ་དག་གཞི་མེད་ཡིན་པའི་ཁྲིམས་ཐག་བཅད་པའི་གནད་དོན་ཆགས་ཡོད། དེའི་ནང་ནས་རྡ་སར་མཚན་ཉིད་གྲྭ་ཚང་གི་དགེ་བཤེས་ལགས་བཀྲོངས་པའི་སྐོར་ལ་རྒྱལ་སྤྱིའི་ (Interpol) ཨི་ཊར་པོལ་ཐོག་ནས་ཡིན་རུང་ཞིབ་འཇུག་བྱས་ཡོད། འོན་ཀྱང་ད་ལྟ་ཁོ་པ་ཚོས་གཞི་མེད་སྐྱོན་འཛུགས་རྣམས་ཆོས་དད་རང་དབང་མི་འདུག་ཅེས་ཤོད་སྐབས། ད་རེས་བཀའ་ཤག་ནས་དམིགས་བསལ་གསལ་བཤད་ཞུ་འདོད་ག་རེ་བྱུང་ཞེ་ན། བོད་མི་སུ་ཞིག་ཡིན་རུང་དཔྱ་ཁྲལ་ལག་དེབ་དགོས་ཀྱི་ཡོད། དཔྱ་ཁྲལ་ལག་དེབ་དཔལ་འབྱོར་ལས་ཁུངས་ནས་གནང་གི་ཡོད། རྒྱ་གར་ལ་གནས་ཐུབ་ཐབས་བྱེད་པར་ (R.C) སྐྱབས་བཅོལ་ལག་དེབ་དགོས་ཀྱི་ཡོད། སྐྱབས་བཅོལ་ལག་དེབ་རྒྱ་གར་གཞུང་ནས་གནང་གི་ཡོད། འོན་ཀྱང་དེ་ཐོབ་པར་ས་གནས་འགོ་འཛིན་དང་བདེ་སྲུང་ལས་ཁུངས་ཀྱི་རྒྱབ་གཉེར་དགོས་ཀྱི་ཡོད། བོད་མི་སུ་ཞིག་ཡིན་རུང་ཕྱི་རྒྱལ་དུ་འགྲོ་ཆེད་ (I.C) དེབ་སེར་པོ་དགོས་ཀྱི་ཡོད། དེབ་སེར་པོ་རྒྱ་གར་གཞུང་ནས་གནང་གི་ཡོད་ཀྱང་དེར་རྒྱབ་གཉེར་བོད་མིའི་སྒྲིག་འཛུགས་ནས་གནང་དགོས་ཀྱི་ཡོད།

དེར་བརྟེན་རྒྱ་གར་ལ་ཡོད་པའི་དོལ་རྒྱལ་བསྟེན་མཁན་ཚོ་གཞིས་ཆགས་ཁག་ཏུ་ཡོད་པ་ཡིན་ན། ཁོ་པ་ཚོ་མང་ཆེ་བར་དཔྱ་ཁྲལ་ལག་དེབ་ཡོད་པ་ཆགས་ཀྱི་ཡོད། དཔལ་འབྱོར་ལས་ཁུངས་ནས་དོལ་རྒྱལ་བསྟེན་མཁན་ཡིན་དང་མིན་གྱི་དབྱེ་བ་འབྱེད་ཀྱི་མེད། དཔྱ་ཁྲལ་ལག་དེབ་གཞིར་བཟུང་སློབ་གྲྭར་ཚུད་དང་མ་ཚུད། དེ་བཞིན་འཕྲོད་བསྟེན་དང་ཤེས་ཡོན་ཐོག་ལ་མཐུན་རྐྱེན་གང་ཞིག་ཡོད་ཀྱང་གཅིག་མཚུངས་གནང་གི་ཡོད། དམིགས་བསལ་རྒྱ་གར་ལ་གནས་པར་སྐྱབས་བཅོལ་ལག་དེབ་དགོས་ཀྱི་ཡོད། དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་རྒྱབ་གཉེར་ཡོད་པའི་ཐོག་ནས་ཁོ་པ་ཚོར་རག་གི་ཡོད་པ་རེད་མ་གཏོགས་བོད་མིའི་སྒྲིག་འཛུགས་ཀྱི་རྒྱབ་གཉེར་མེད་ན་ཧ་ཅང་དཀའ་ལས་ ཁག་པོ་ཆགས་ཀྱི་རེད། གལ་སྲིད་བོད་མིའི་སྒྲིག་འཛུགས་ནས་དོལ་རྒྱལ་བསྟེན་མཁན་ཚོར་དབྱེ་བ་འབྱེད་དགོས་ཀྱི་ཡོད་ན། དཔྱ་ཁྲལ་ལག་དེབ་དང་སྐྱབས་བཅོལ་ལག་དེབ་ཐོག་དབྱེ་འབྱེད་བྱས་ཆོག་ཆོག་ཡོད་ཀྱང་ དུས་ད་ལྟ་བར་དུ་དབྱེ་བ་ཕྱེ་བའི་གནས་ཚུལ་ཤོད་རྒྱུ་མེད། དེར་བརྟེན་ང་ཚོས་བོད་མི་གཅིག་མཚུངས་ལ་གནང་བ་ལྟར་དོལ་རྒྱལ་བསྟེན་མཁན་ཚོར་བྱེད་ཀྱི་ཡོད་སྟབས། ཁོ་པ་ཚོ་རྒྱ་གར་དུ་གནས་ཐུབ་ཀྱི་ཡོད། དམིགས་བསལ་ཕྱི་རྒྱལ་དུ་འགྲོ་མཁན་ཡིན་ན་དེབ་སེར་པོ་དགོས་ཀྱི་ཡོད། དོལ་རྒྱལ་བསྟེན་མཁན་ཕྱི་རྒྱལ་དུ་ཡོད་མཁན་མང་ཆེ་བ་དེབ་སེར་པོ་འཁྱེར་ན་ཕྱིན་ པ་ཞིག་ཆགས་ཀྱི་ཡོད། དེ་དག་བོད་མིའི་སྒྲིག་འཛུགས་ཀྱི་རྒྱབ་གཉེར་ཡོད་པའི་ཐོག་ནས་བྱུང་བ་ཞིག་རེད། ཕལ་ཆེར་ཁོ་པ་ཚོ་སྐྱབས་བཅོལ་ཞུ་སྐབས་བཙན་བྱོལ་སྤྱི་ཚོགས་ནང་ཆོས་དད་རང་དབང་མེད་པ་རེད། ཅེས་སྐྱབས་བཅོལ་ཞུ་མདོག་ཁ་པོ་རེད།

འོན་ཀྱང་རང་ཉིད་ཀྱི་ལག་པར་ཡོད་པའི་ཡིག་ཆ་དེ་དག་བོད་མིའི་སྒྲིག་འཛུགས་ནས་རྒྱབ་སྐྱོར་གནང་བ་དེ་གསལ་ པོ་ཡིན་སྟབས། ཆོས་དད་རང་དབང་མེད་ན་ཨང་དང་པོ་སོ་སོའི་ལག་པར་ཡོད་པའི་ཕྱི་རྒྱལ་དུ་འགྲོ་རྒྱུའི་ཡིག་ཆ་དེ་ག་ནས་རག་པ་རེད་དམ། ཞེས་དྲི་བ་བཏང་ན་བོད་མིའི་སྒྲིག་འཛུགས་ཀྱིས་གནང་བ་ཞིག་ཆགས་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་དབྱེ་འབྱེད་བྱེད་ཀྱི་མེད་པ་ཧ་ཅང་གསལ་སྟོན་བྱས་ཡོད། དེར་བརྟེན་ཁོང་ཚོས་བོད་མིའི་སྒྲིག་འཛུགས་ལ་སྐྱོན་འཛུགས་བྱས་པ་དེ་གཞི་མེད་ཡིན་པ་ཧ་ཅང་གསལ་པོ་ཆགས་ཀྱི་ཡོད། དེ་བཞིན་དོལ་རྒྱལ་བསྟེན་མཁན་ཚོས་ཨ་རི་དང་དེང་སྐབས་ཡུ་རོབ་ཁག་ཏུ་ངོ་རྒོལ་བྱེད་མཁན་མི་ཉུང་ཤས་ཤིག་ལས་མེད་ནའང། ༸གོང་ས་མཆོག་ལ་ངོ་རྒོལ་བྱེད་སྐབས་བརྡ་ལན་ཁོ་པ་ཚོ་ཆབ་སྲིད་འཁྲབ་པའི་ཐོག་ནས་མཚན་སྨད་ཞུ་མཁན་ཞིག་ཆགས་ཡོད། དོལ་རྒྱལ་ནི་དགེ་ལུགས་གཅིག་པུའི་གནད་དོན་མ་ཡིན་པར་ཆོས་བརྒྱུད་ཚང་མའི་གནད་དོན་ཆགས་ཡོད་པར་བརྟེན། ཆོས་བརྒྱུད་ཡོངས་རྫོགས་དང་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚང་མས་འགན་འཁུར་ལེན་དགོས་པ་ཧ་ཅང་གསལ་པོ་རེད། ཨ་རི་དང་རྒྱ་གར་གྱི་གསང་བའི་སྙན་ཐོའི་ནང་། དོལ་རྒྱལ་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་ཉེན་ཁ་ཡོད་པ་གསལ་ཡོད། དེར་བརྟེན་ཕྱི་ནང་གི་བོད་མི་ཚང་མས་འགན་ཁུར་ལེན་རོགས། ཞུ་རྒྱུ་ཡིན། ཞེས་གསར་འགོད་གསལ་བསྒྲགས་སྤེལ་གྲུབ་མཚམས་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད་པ་བཅས།

Menu