ཕྱི་ལོ་ ༡༩༩༨ ཟླ་ ༩ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོལ་ཁ་གསུམ་གྱི་ཚོགས་བཅར་བ་རྣམས་ལ་དོལ་རྒྱལ་སྐོར་བཀའ་སློབ་སྩལ་བ།

༄༅། །དོལ་རྒྱལ་སྐོར་ལ་ང་ཚོ་སྔོན་མ་ནས་སྐད་ཆ་བྱུང་བས་དེ་རིང་དམིགས་བསལ་བསྐྱར་ཟློས་ཡང་ཟློས་ཞུ་རྒྱུ་མེད། ཁ་སང་གཞོན་ནུའི་ཚོགས་འདུའི་ཐོག་སྐད་ཆ་རོབ་ཙམ་བྱུང༌། དོན་སྙིང་ཚང་མས་མཁྱེན་གསལ་ལྟར་ངས་དམ་དྲག་བྱེད་དགོས་པའི་རྒྱུ་མཚན་དང་པོ་ནི། ༸གོང་ས་ལྔ་པ་ཆེན་པོའི་སྐབས་ནས་གནས་ཚུལ་ཞིག་ཆགས་པ་དང༌། ༸གོང་ས་ལྔ་པ་ཆེན་པོའི་གསུང་བཀའ་རྒྱ་མས་མཚོན་ཕྱོགས་མཐུན་གཅིག་གྱུར་གྱི་ཐོག་ནས་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་པཎ་ཆེན་བསོད་ནམས་གྲགས་པའི་ཡང་སྲིད་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་མིན་པ་དང༌། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་ཐ་མ་རྐྱེན་མང་པོ་ཞིག་གི་འོག་ནས་སྨོན་ལམ་ལོག་པའི་དམ་སྲིར་གྱུར་པ་རེད་ཅེས་ཚིག་ཐག་བཅད་ནས་གསུངས་འདུག གང་ལྟར་དགའ་ལྡན་ཕོ་བྲང་དང་མ་འགྲིགས་པའི་གནས་ཚུལ་ཡོད་པ་གསལ་པོ་ཡིན། དེ་སྔ་ངས་དོལ་རྒྱལ་བསྟེན་ཡོད། རྗེས་སུ་གནས་ཚུལ་དེ་ཚོ་རིམ་པས་རྫི་རིག་སྟེ་ངས་མོ་བརྒྱབ། ཟན་བརྟག་བསྒྲིལ། བརྟག་དཔྱད་ནན་ཏན་བྱས་ཏེ་རང་ངོས་ནས་མཚམས་འཇོག་གཙང་མ་བྱས་པ་ཡིན། དུས་དེར་ངས་ཡོངས་བསྒྲགས་ཀྱིས་དམ་དྲག་མ་བྱས་པའི་རྐྱེན་གྱིས་དགའ་ལྡན་བྱང་རྩེ་གྲྭ་ཚང་ལ་གྲ་མ་འགྲིགས་པ་མང་པོ་བྱུང་ཡོད། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་སྲུང་མ་དཔལ་ལྡན་ལྷ་མོ་ཡིན་ཞིང༌། ལྷ་མོ་འཁུ་ལྡོག་གི་གནས་ཚུལ་གསལ་པོ་ཆགས་ཡོད། སྐབས་དེར་ཁྲི་བྱང་རིན་པོ་ཆེས་བྱང་རྩེ་གྲྭ་ཚང་ལ་ལྷ་མོ་འཁོན་འདུག་ཅེས་གསལ་པོ་གསུངས་འདུག འཁུ་ལྡོག་དེ་གང་ལ་བརྟེན་ནས་བྱུང་བ་དེའི་ང་དོལ་རྒྱལ་ལ་དོགས་པ་ཟ་བྱུང༌། སྐབས་དེར་ཟན་བརྟག་བསྒྲིལ་སྟངས་སོགས་ཀྱི་སྐོར་ཞིབ་ཆ་དེབ་ནང་ཡིག་ཐོག་ཡོད་པ་དེར་ཞིབ་ཚགས་བྱས་ནས་ལྟོས་དང༌། ཡ་མཚན་སྐྱེ་བའི་གནས་ཚུལ་ཡོད། གཅིག་མཇུག་གཉིས་མཐུད་ཀྱི་གོ་རིམ་བསྒྲིགས་ནས་ཤིན་ཏུ་གསལ་པོ་བྱུང་ཡོད། ཟན་བརྟག་བསྒྲིལ་བ་དང༌། མོ་བརྒྱབ་པ་དེ་ཚོ་སྔ་ཕྱི་འགལ་བ་དང༌། ཐེ་ཚོམ་ཟ་དགོས་པའི་གནས་ཚུལ་གཏན་ནས་བྱུང་མེད། ལས་དོན་གལ་ཆེ་བློ་དོགས་མ་ཆོད་པའི་རིགས་ངས་ཟན་བརྟག་བསྒྲིལ་བ་དང༌། མོ་བརྒྱབ་ནས་ཐག་གཅོད་བྱེད་ཀྱི་ཡོད། དེ་ཚོར་བསླུ་བ་མེད་པ་ང་རང་གི་ཉམས་མྱོང་ཐོག་ནས་གསལ་པོ་ཡོད་པར་བརྟེན་དེ་ལྟར་བྱས་ནས་ཐག་བཅད་པ་ཡིན། དགའ་ལྡན་ཕོ་བྲང་དང་མ་མཐུན་པའི་གནས་ཚུལ་ཡོད་པ་གསལ་པོ་ཡིན།

དེ་ནས་བར་སྐབས་ཀྱི་ཡོང་རྐྱེན་ལ་གཞིགས་ན། ང་ཚོར་སངས་རྒྱས་བསྟན་པ་སྤུས་དག་པོ་འདི་ལྟ་བུ་ཞིག་ཡོད་པ་འདི་དུས་གང་མཚམས་ནས་ལྷ་གསོལ་ཀླུ་གསོལ་བྱེད་པའི་ཐོག་ལ་འགྲོ་རྒྱུའི་ཉེན་ཁ་འདུག ཉེ་སྔོན་ང་ཨ་རི་དང་ཡོ་རོབ་ཁུལ་དུ་འགྲོ་སྐབས་དོལ་རྒྱལ་ཚོགས་པའི་གྲས་ཀྱིས་ཆོས་དད་རང་མོས་དགོས་ཞེས་སྦྱར་ཡིག་འཁྱེར་ནས་སླེབས་བྱུང༌། དེ་ནི་ཆོས་དད་ཀྱི་སྐད་གནས་ཚུལ་མ་རེད། སྤྱིར་སངས་རྒྱས་ཀྱི་ཆོས་ཀྱི་འགྲོ་སྟངས་དང༌། ཡང་སྒོས་རི་བོ་དགེ་ལུགས་པའི་ཆོས་ཀྱི་འགྲོ་སྟངས། ང་ཚོ་ཚང་མས་ཤེས་ཀྱི་ཡོད། དགེ་ལུགས་པའི་ཆོས་འདི་ཉིད་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ཡབ་སྲས་ཀྱིས་གཏན་ལ་ཕབ་པ་དང༌། བཀའ་གདམས་པའི་བླ་མ་ཚོས་གསུངས་པ་ལྟར་དངོས་གནས་ཕྱི་གཙང་ནང་གཙང་ཡོད་པ་འདི་ལྷ་གསོལ་ཀླུ་གསོལ་བྱེད་རྒྱུ་གལ་ཆེན་པོར་རྩ་བ་ནས་རྩི་གི་མེད། རྗེ་རིན་པོ་རང་ཉིད་ཀྱི་འཁྲུངས་ལྷ་རྨ་ཆེན་སྤོམ་ར་ཡང་དགོན་པའི་ནང་བསྡད་མི་ཆོག་པར་དགོན་པའི་ཕྱི་རོལ་དུ་བཞག་གནང་འདུག རྗེ་རིན་པོ་ཆེས་རྨ་ཆེན་སྤོམ་རར་དམིགས་བསལ་གང་གཟབ་གནང་དགོས་ཡིན་ནའང་དེ་ལྟར་གཏན་ནས་གནང་མི་འདུག རྗེ་རིན་པོ་ཆེ་ཨ་མདོ་ཡིན་པའི་ཆ་ནས་རྨ་ཆེན་སྤོམ་རར་ཞེན་ཁོག་ཡོད་དགོས་ཡང༌། རྗེ་རིན་པོ་ཆེ་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་དགེ་སློང་ཚད་ཐུབ་ཅིག་ཡིན་པས་འཇིག་རྟེན་པའི་ལྷ་འདྲེར་ཐུགས་སྣང་གཏན་ནས་གནང་གི་མེད་པ་དང༌། དེ་བཞིན་རྒྱ་ནག་གོང་མ་ལའང་ཐུགས་སྣང་གནང་མེད། རྒྱ་ནག་གོང་མ་ཏ་མིང་རྒྱལ་པོས་རྗེ་རིན་པོ་ཆེར་གདན་ཞུ་ཕུལ་སྐབས་སྐུ་ཚབ་ལ་བྱམས་ཆེན་ཆོས་རྗེ་གཏོང་བ་གནང་འདུག དེ་དག་ནི་སངས་རྒྱས་ཀྱི་ཆོས་པ་ངོ་མ་ཡིན་པའི་རྟགས་ཡིན། འཇིག་རྟེན་ཆོས་བརྒྱད་གཏན་ནས་གནང་གི་མེད། རྨ་ཆེན་སྤོམ་ར་རྗེའི་འཁྲུངས་ལྷ་ཡིན་སྟབས་རྗེ་རིན་པོ་ཆེའི་རྗེས་སུ་འབྲངས་ནས་ཡོང་བ་དེ་ཡང་དགོན་པའི་ཕྱི་རོལ་དུ་བཞག་པ་གནང་བ་ལས་རྩ་ཆེར་བརྩིས་གནང་མེད་པ་འདི་དགེ་ལུགས་པའི་འགྲོ་སྟངས་ངོ་མ་ཡིན།

དེ་ལྟར་ན་གནད་དོན་དེ་ཆོས་དད་རང་མོས་ཀྱི་སྐོར་མ་ཡིན་པར་ཆོས་པས་ལྷ་གསོལ་རྒྱུའི་རང་དབང་གི་སྐོར་རེད། ལྷ་ལའང་འཇིག་རྟེན་པའི་ལྷ་དང༌། ལྷ་འཇིག་རྟེན་ལས་འདས་པའི་ལྷ་བཅས་གཉིས་ཡོད། འཇིག་རྟེན་ལས་འདས་པ་ནི་མགོན་པོ་དང༌། ཆོས་རྒྱལ་དེ་ཚོའི་གྲས་རྗེ་རིན་པོ་ཆེ་ཞལ་བཞུགས་དུས་བཀའ་སྲུང་གི་གཙོ་བོ་ཡིན། དེའི་ཐོག་རྣམ་སྲས་ལ་བཀའ་བསྒོ་གཉེར་གཏད་གནང་བ་བཅས་དགེ་ལུགས་པའི་སྲུང་མ་དེ་གསུམ་ནི་འཇིག་རྟེན་ལས་འདས་པ་ཡིན། དེ་མིན་འཇིག་རྟེན་པའི་ལྷ་ལ་རྗེ་རིན་པོ་ཆེས་ཐུགས་སྣང་རྩ་བ་ནས་གནང་གི་མེད། རྒྱལ་པོ་སྐུ་ལྔ་ལྟ་བུར་ཆ་བཞག་ན་འཇིག་རྟེན་དྲེགས་པའི་ལྷ་ཡིན། ངོ་བོ་རྒྱལ་བ་རིགས་ལྔ་ཡིན་མིན་གང་ལྟར་ཡང་ཐུན་མོང་ལ་འཇིག་རྟེན་དྲེགས་པའི་ཚུལ་བསྟན་ཡོད་དུས་དྲེགས་པའི་གྲས་ལ་འཇོག་རྒྱུ་རེད། ང་ཚོས་སྲུང་མ་དམར་ནག་གཉིས་གསོལ་དུས་དགའ་ལྡན་ཕོ་བྲང་གི་ཐུན་མོང་མ་ཡིན་པའི་སྲུང་མ་ཡིན་པའི་ཆ་ནས་གསོལ་གྱི་ཡོད་པ་ལས། གནས་ཆུང་རྡོ་རྗེ་གྲགས་ལྡན་སྐྱབས་གནས་དགེ་འདུན་དཀོན་མཆོག་གི་གྲས་སུ་བརྩིས་ནས་གསོལ་གྱི་མེད་པ་གསལ་པོ་ཤེས་དགོས།

༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང༌། དཔེར་ན་ངའི་ངོས་ལ་ཆ་བཞག་ན་གནས་ཆུང་དང་ཐུན་མོང་མ་ཡིན་པ་ཡིན། འོན་ཀྱང་འཇིག་རྟེན་དྲེགས་པ་ཡིན་པས་དྲེགས་པ་དྲེགས་པའི་གནས་ལ་བཞག་ནས་བསྟེན་གྱི་ཡོད། གནས་ཆུང་རྗོ་རྗེ་གྲགས་ལྡན་ལ་ཆ་བཞག་ན་བཀའ་བརྒྱུད་དང༌། རྙིང་མ། ས་སྐྱ། དགེ་ལུགས་པ་བཅས་ཚང་མས་རྒྱལ་པོ་སྐུ་ལྔ་ཚད་ལྡན་མ་རེད་ཅེས་བརྗོད་མཁན་སུ་ཡང་མེད། འོན་ཀྱང་དེ་དྲེགས་པའི་གནས་ལ་བཞག་པ་ལས་སྐྱབས་གནས་ཀྱི་གྲས་ལ་འཇོག་གི་མེད། དོལ་རྒྱལ་ནི་དྲེགས་པའི་ནང་ནས་ཀྱང་རྩོད་པ་ཅན་ཞིག་དང༌། ༸གོང་ས་ལྔ་པས་སྨོན་ལམ་ལོག་པའི་དམ་སྲིར་བརྩིས་གནང་བ་དང༌། ཕུར་ལྕོག་ངག་དབང་བྱམས་པ་དང༌། ཁྲི་ཆེན་ངག་དབང་མཆོག་ལྡན། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ཐུའུ་བཀྭན་ཆོས་ཀྱི་ཉི་མ་སོགས་མང་པོ་ཞིག་གིས་རྒྱལ་འགོང་ལ་བརྩིས་གནང་འདུག པཎ་ཆེན་བསྟན་པའི་དབང་ཕྱུག་གིས་ཧ་ཅང་གསལ་པོ་གསུངས་འདུག

ས་སྐྱའི་བླ་མ་གོང་མ་ཚོས་ཀྱང་རྒྱལ་པོ་དཀོར་བདག་ལ་བརྩིས་གནང་བ་ལས། སྐྱབས་གནས་ལ་བརྩིས་གནང་མི་འདུག ཉེ་སྔོན་དབྱིན་ལན་ཁུལ་སྡོད་དོལ་རྒྱལ་བསྟེན་མཁན་དེ་ཚོའི་གྲས་ཀྱིས་དོལ་རྒྱལ་ཡི་དམ་ལ་རྩི་གི་ཡོད། དགེ་ལུགས་པའི་ཆོས་ཉམས་ལེན་གྱི་སྙིང་པོ་དོལ་རྒྱལ་ལ་བརྩི་བཀུར་བྱེད་རྒྱུ་དེ་རེད་ཅེས་བརྗོད་ཀྱི་འདུག ངས་འདི་འདྲ་མ་རེད་ཅེས་བཤད་པ་ཡིན། དེ་ལྟ་བུའི་གོ་བ་ལོག་སྒྲུབ་ཆེན་པོ་བྱེད་མཁན་འདུག ཆོས་དད་རང་དབང་དགོས་ཞེས་བརྗོད་པ་འདི་ཆོས་དད་ཀྱི་གནས་ཚུལ་གང་ཡང་མ་རེད། དོལ་རྒྱལ་བསྟེན་མཁན་ཚོས་ང་ཚོ་དགེ་ལུགས་པ་མིན་ཞེས་དེང་སང་དུས་རབས་ཉེར་གཅིག་པའི་ནང་གི་ཆོས་གསར་པ་སྤེལ་མཁན་ཡིན་ཞེས་བརྗོད་ན་དེ་ནི་ཁོ་རང་ཚོའི་རང་དབང་ཡིན་པས་ང་ལ་བཤད་རྒྱུ་གང་ཡང་མེད། སྤྱིར་ནང་པ་དང༌། དེའི་ནང་ནས་ཀྱང་དགེ་ལུགས་པ་ཡིན་ཞེས་བརྗོད་ནས། དགེ་ལུགས་པ་སྤྱིའི་འགྲོ་སྟངས་དང་མ་མཐུན་པ་ཞིག་བྱེད་པ་འདི་འགྲིགས་ཀྱི་མི་འདུག་ཅེས་བརྗོད་ཀྱི་ཡོད། ཁོ་རང་ཚོ་དགེ་ལུགས་པ་མིན་ཟེར་བའམ། ཡང་ན་དགེ་ལུགས་པ་ཡིན་ཀྱང་དེང་སང་གི་དགེ་ལུགས་པ་ཡ་མཚན་ཅན་ཞིག་ཡིན་ཟེར་བ། ཡང་ན་དགེ་ལུགས་པ་དང་མི་འདྲ་བ་ཁྱད་དུ་འཕགས་པ་ཞིག་ཡིན་ཞེས་བཤད་པ་ན་དེ་ལ་ངས་བཤད་རྒྱུ་གང་ཡང་མེད། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ཡབ་སྲས་ཀྱིས་གཏན་ལ་ཕབ་པའི་གཞུང་ཐིག་འདིའི་ཐོག་ནས་འགྲོ་མཁན་ཞིག་ཡིན་ཞེས་བཤད་བཞིན་དུ་བྱེད་སྟངས་དེ་འདྲ་བྱས་ན་དགེ་ལུགས་པ་སྤྱིའི་བསྟན་པའི་རྣམ་གཞག་དང་མ་མཐུན་པ་ཆགས་ཀྱི་ཡོད་སྟབས་དེ་འགྲིགས་ཀྱི་མི་འདུག་ཅེས་བརྗོད་ཀྱི་ཡོད། དེ་ནི་ཆོས་དད་རང་མོས་ཀྱི་གནད་དོན་མིན་པར་ལྷ་གསོལ་རྒྱུའི་རང་དབང་གི་གནད་དོན་རེད། ལྷ་དེ་ཡང་རྩོད་པ་ཅན། ས་དགེའི་བླ་མ་མང་པོ་ཞིག་གི་དཀོར་བདག་དང༌། དམ་སྲི། འདྲེ་དང༌། རྒྱལ་འགོང་བཅས་ལ་ངོས་འཛིན་གནང་བ་ཞིག་རྩ་བ་ཆེན་པོ་ཡིན་ཞེས་ཟེར་བ་དེ་དོན་དང་མི་མཐུན་པས་དོན་ཚན་གཅིག་འདིར་ཐུག་ཡོད།

དོན་ཚན་གཅིག་ནི་རིས་སུ་མ་ཆད་པའི་ལུང་རྟོགས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་བོད་གངས་ཅན་ལྗོངས་ཀྱི་མཁས་གྲུབ་མང་པོ་ཞིག་གིས་གནང་ཡོད་ལ། ཕྱག་སྲོལ་དེ་ནི་ཧ་ཅང་ཡག་པོ་ཡིན་པས་ང་རང་ཡིད་འཕྲོག་ནས་གང་ཐུབ་ཀྱིས་ཉམས་ལེན་བྱེད་ཀྱི་ཡོད། དཔེར་ན་༸གོང་ས་ལྔ་པ་ཆེན་པོས་རྩོད་མེད་ཡོངས་གྲགས་ཀྱི་རིས་མེད་ཉམས་བཞེས་གནང་གི་ཡོད། ལྷག་དོན་རྙིང་མ་ཉམས་བཞེས་ཤུགས་ཆེན་པོ་གནང་གི་ཡོད། ༸རྒྱལ་དབང་དགེ་འདུན་རྒྱ་མཚོ་དང༌། བསོད་ནམས་རྒྱ་མཚོ་ཡང་དེ་དེ་བཞིན་རེད། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པས་དགེ་ལུགས་པ་གནང་གི་ཡོད་ལ། རྙིང་མའི་ཆོས་ཀྱང་ཉམས་བཞེས་གནང་གི་ཡོད། མདོ་སྟོད་སྨད་དབུས་གཙང་དང་བཅས་པའི་ས་ཁུལ་གང་སའི་སྔོན་གྱི་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་ཁག་གཅིག་གིས་ཆོས་ལུགས་རིས་མེད་གནང་བའི་ཕྱག་སྲོལ་ཡོད་པ་དང༌། ཡང་ཁག་གཅིག་གིས་རང་རང་སོ་སོའི་གྲུབ་མཐའ་ཁེ་གཙང་གནང་བའི་ཕྱག་སྲོལ་ཡང་ཡོད། དེང་སང་གི་དུས་ཚོད་དང༌། ང་ཚོ་མ་འོངས་པར་གཞི་བྱེས་མཉམ་འཛོམས་བྱུང་བའི་དུས་སྐབས་བཅས་འཕྲལ་ཕུགས་གནས་ཚུལ་གང་ནས་བལྟས་ཀྱང་རིས་མེད་བྱ་རྒྱུ་འདིར་དགེ་མཚན་ཆེན་པོ་འདུག སོ་སོ་སྒེར་གྱི་ཉམས་ལེན་ཐོག་ལའང་ཕན་ཐོག་ཆེན་པོ་འདུག སྤྱིའི་ངོས་ནས་བཤད་པ་ཡིན་ནའང་རིས་མེད་བྱས་ན་ཧ་ཅང་ཡག་པོ་ཡོད། དེང་སང་དོལ་རྒྱལ་བསྟེན་མཁན་ཚོས་དགེ་ལུགས་པ་དོལ་རྒྱལ་བསྟེན་མཁན་ཞིག་གིས་རྙིང་མ་དང་བཀའ་བརྒྱུད་བྱས་པ་ཡིན་ན་དོལ་རྒྱལ་གྱིས་གནོད་པ་སྐྱེལ་གྱི་རེད་ཅེས་ཞེད་སྣང་བསྐུལ་གྱི་ཡོད། དཔེར་ན། དགེ་ལུགས་པ་གྲུབ་མཐའ་ཁེ་གཙང་འཛིན་མཁན་ཞིག་གི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རྨད་དུ་བྱུང་བའི་ལེགས་བཤད་འདི་དག་གི་ཐོག་ནས་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གཞག་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པ་ཞིག་ཡོད་པ་རྣམས་སོ་སོས་ཤེས་ནས་རྒྱུ་མཚན་མཐོང་སྟེ་དད་པ་སྐྱེས། འདིས་རང་ཉིད་ཡིད་ཚིམས་ཏེ། རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ་སོགས་ལ་ལྟ་རྟོག་བྱེད་དགོས་མེད་པ་མཐོང་ན་དེ་ནི་གནས་ཚུལ་ཐ་དད་ཡིན། རྙིང་མའི་ཆོས་ཞུ་འདོད་ཀྱང་དོལ་རྒྱལ་གྱིས་གནོད་མི་ཡོང་ངམ་བསམ་ནས་ཞེད་སྣང་བྱས་ཏེ་སྡོད་དགོས་བྱུང་ན། དེ་ནི་ཆོས་དད་རང་མོས་འཕྲོག་པ་ཡིན། དགེ་ལུགས་པ་ཞིག་གིས་རིས་མེད་བྱེད་རྒྱུར་བར་ཆད་བྱེད་ཀྱི་ཡོད་པ་ནི་འགལ་རྐྱེན་རེད། ས་དགེ་དཀའ་རྙིང་ཚང་མར་འཇིག་རྟེན་ལས་འདས་དང་མ་འདས་ཀྱི་སྲུང་མ་བརྒྱ་ཕྲག་བརྒལ་བ་ཡོད། དེ་ཚོ་བསྟེན་གསོལ་བྱེད་སྟངས་ལ་ང་ཚོས་བསམ་བློ་ཡག་པོ་གཏོང་དགོས། དཔེར་ན། ང་ཚོས་བསྐང་གསོ་གཏོང་རྒྱུ་གལ་ཆེར་འཛིན་གྱི་ཡོད་ཀྱང༌། གསང་སྔགས་གསར་མའི་གསང་བདེ་འཇིགས་གསུམ་གྱི་ནང་བསྐང་གསོའི་རྣམ་གཞག་མེད། དུས་ཀྱི་འཁོར་ལོའི་ནང་རྩ་དང་རླུང་གི་རྣམ་བཞག་རྒྱས་པོ་ཡོད་པ་ལས། ཆོས་སྐྱོང་གི་བསྐང་གསོའི་རྣམ་གཞག་གཏན་ནས་མེད། གསང་སྔགས་ཉམས་ལེན་གཙོ་བོ་ལྷ་ཡི་རྣལ་འབྱོར་ཡིན་པ་ལས་བསྐང་གསོ་མིན། གང་ལྟར་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པར་བསྐང་གསོ་གཏོང་དང༌། འཕྲིན་བཅོལ་བྱེད་པ། གསེར་སྐྱེམས་གཏོང་བ་བཅས་ཧ་ཅང་མང་པོ་ཡོད། དེ་ཚོའི་སྐོར་བདག་ཁྲི་རིན་པོ་ཆེ་དང་བཀའ་མོལ་བྱུང༌། དེ་བཞིན་ཁོང་ཚོ་གཞན་ཁ་ཤས་ལ་བཀའ་འདྲི་ཞུས་པར་ས་སྐྱའི་ཁོངས་ནས་དགེ་ལུགས་པའི་ཆོས་བྱས་ན་གནོད་ཀྱི་རེད་ཟེར་བའི་ས་སྐྱའི་སྲུང་མ་ཡོད་མེད་དང༌། རྙིང་མའི་ཆོས་བྱེད་མཁན་ཞིག་གིས་གསར་མའི་ཆོས་བརྒྱུད་ངན་སོང་ཀུན་གྲོལ་ལྟ་བུ་བྱས་པ་ཡིན་ན་རྙིང་མའི་བཀའ་སྲུང་འདིས་གནོད་ཀྱི་རེད་ཟེར་བ་དེ་འདྲའི་ལོ་རྒྱུས་ཡོད་དམ་ཞེས་ངས་བཀའ་འདྲི་ཞུ་མྱོང༌། དེ་འདྲ་ཡོད་ལུགས་སུ་གཅིག་ལ་གསུང་རྒྱུ་མི་འདུག དགེ་ལུགས་པས་རྙིང་མ་བྱས་ན་གནོད་པ་སྐྱེལ་གྱི་རེད་ཟེར་མཁན་དོལ་རྒྱལ་གཅིག་པུ་རེད། དེ་འདྲའི་ཆ་ནས་རྒྱལ་བསྟན་རིས་མེད་ལ་དད་པ་དག་སྣང་བྱེད་རྒྱུའི་འགལ་རྐྱེན་བྱེད་ཀྱི་ཡོད་པར་བརྟེན་ངས་དམ་དྲག་བྱེད་པའི་རྒྱུ་མཚན་དེ་འདྲ་ཡིན།

བར་སྐབས་ཡིག་ཆ་འདྲ་མི་འདྲ་མང་པོ་ཐོན་ཡོད། དོལ་རྒྱལ་གྱི་རྗེས་འབྲངས་པ་དེ་ཚོའི་གྲས་སྙིང་རྗེའི་ཡུལ་ཡིན། ཁོ་པ་ཚོས་མི་གསོད་པ་དང༌། གཞིས་ཆགས་ཀྱི་ཁང་པར་མེ་བརྒྱབ་པ། ཧམ་རྫུན་བཤད་པ་སོགས་གང་བྱུང་མང་བྱུང་བྱས་ཡོད། ཉེ་ཆར་དོལ་རྒྱལ་ཚོགས་པས་དེབ་ཅིག་བཏོན་པའི་ནང་༸རྒྱལ་བ་རིན་པོ་ཆེ་ལ་གདོན་ཞུགས་འདུག་ཟེར་བ་སོགས་ཧ་ཅང་མང་པོ་བྲིས་འདུག  ག་རེ་བཤད་ཀྱང་ང་ལ་ཁྱད་པར་གང་ཡང་མི་འདུག དེ་ཚོར་ཁྱེད་རང་ཚོ་ཡ་མཚན་སྐྱེ་བ་ལས་ཁོང་ཁྲོ་ཟ་བྱེད་དགོས་དོན་མེད། དེ་ཚོར་གནད་འགག་མེད། གང་ཞིག་གལ་ཆེན་པོ་རེད་དམ་ཞེ་ན། མགོ་མ་འཁོར་བ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་ནང་གི་བོད་མི་ཚོ་སྙིང་རྗེ་ལྷག་བསམ་རྣམ་དག་ཡིན་ཀྱང༌། གནས་ཚུལ་ཡག་པོ་མ་རྟོགས་པར་ལྷོད་གཡེང་ཤོར་ནས་མགོ་སྐོར་འོག་མ་ཚུད་པ་བྱེད་རྒྱུ་གལ་ཆེན་པོ་རེད། རྒྱ་གར་ནང་སྤྱི་ཚོགས་ནང་མང་ཚོགས་ཀྱི་ཁྲོད་ནས་གནས་ཚུལ་ཡག་པོ་ཤེས་པ་བྱེད་རྒྱུ་གལ་ཆེན་པོ་ཡིན། ཁོ་པ་ཚོའི་བྱེད་སྟངས་དེ་ཚོ་འོས་སུ་མ་མཆིས་ཡིན་ཞེས་ཁོང་ཁྲོ་བྱེད་པ་དང༌། ལག་པ་འགྱོགས་རེས་བྱེད་པ་དང༌། སེམས་གནག་བྱེད་པ་དེ་འདྲ་རྩ་བ་ནས་བྱེད་རྒྱུ་མེད། གཏམ་བརྗོད་རང་དབང་རེད། ཁྱད་པར་གང་ཡང་མེད། ང་གང་ཡང་བསམ་གྱི་མི་འདུག དབྱིན་ལན་དུ་ཡོད་པའི་སྐལ་བཟང་རྒྱ་མཚོར་ཆ་བཞག་ན། ཕལ་ཆེར་ལོ་བཅོ་ལྔ་ཡས་མས་ཀྱི་གོང་ནས་ཁོ་རང་གི་ཆོས་ཚོགས་ཚང་མའི་ནང་༸རྒྱལ་བ་རིན་པོ་ཆེའི་པར་བཞག་ཆོག་གི་མེད། ཁོ་རང་གི་ཆོས་ཚོགས་ནང་དཔེ་ཆ་བལྟ་རྒྱུ་དང༌། ནང་ཆོས་སློབ་སྦྱོང་བྱེད་རྒྱུ་ཚང་མ་ཁོ་རང་གིས་བྲིས་པའི་དེབ་ཤ་སྟག་མ་གཏོགས་གཞན་དག་སུ་ཞིག་གི་དེབ་ལྟ་ཀློག་བྱེད་མི་ཆོག་པ་དེ་ཁོ་རང་གི་རིང་ལུགས་ཡིན་པས་འགྲིགས་ཀྱི་རེད། དེ་ཡག་པོ་འདུག་ཅེས་དེ་དུས་ནས་ངས་བཤད་རྒྱུ་བྱུང་ལ་ད་དུང་ཡང་དེ་ག་རང་ཡིན། རྒྱལ་ཆེན་བསྟེན་མཁན་ཞིག་གིས་༸རྒྱལ་བ་རིན་པོ་ཆེ་སྡུག་ཆགས་རེད་ཅེས་༸རྒྱལ་བ་རིན་པོ་ཆེ་ལ་མགོ་སྒུར་དགོས་མེད། ང་ལ་དོལ་རྒྱལ་ཡོད། དོལ་རྒྱལ་མ་གཏོགས་གང་ཡང་མི་དགོས། ང་དོལ་རྒྱལ་གྱི་རྗེས་སུ་འབྲངས་ཀྱི་ཡོད་ཅེས་བཤད་ན་འགྲིགས་པ་རེད། སྐྱབས་ཡུལ་དང་འགྲོ་སྟངས་ཐ་དད་སོ་སོ་རེད། ཁག་དཀྲི་བྱེད་ས་མེད་པས་དེ་འགྲིགས་པ་རེད། ཕྱི་ལ་༸རྒྱལ་བ་རིན་པོ་ཆེ་དགོས་ཀྱི་ཡོད་པ་དང༌། ནང་རྟག་ཏུ་༸རྒྱལ་བ་རིན་པོ་ཆེས་བཤད་པ་དེར་མ་ཉན་པར་མགོ་གཉིས་བྱས་ན་ཡག་པོ་མི་འདུག དེ་འདྲ་མ་བྱེད་ཟེར་གྱི་ཡོད། ༸རྒྱལ་བ་རིན་པོ་ཆེའི་མདུན་དུ་དོལ་རྒྱལ་ལ་སོ་སོའི་གློ་སྙིང་བྲང་གསུམ་བསྟན་ནས་བསྡད་ན་ཡག་པོ་མ་རེད། ༸གོང་ས་ལྔ་པ་ཆེན་པོས་སྨོན་ལམ་ལོག་པའི་དམ་སྲིར་རྩི་གནང་གི་ཡོད། ངས་དམ་དྲག་བྱེད་ཀྱི་ཡོད། དེ་ལ་སྐྱབས་སུ་འཛིན་མཁན་ཞིག་གིས་ངའི་ས་ནས་དབང་དང་བཀའ་ཆོས་ཞུས་པ་དང༌། སྡོམ་པ་ཞུས་ན་འགྲིག་གི་མི་འདུག དེས་དམ་ཉམས་ལུང་པ་གང་བཟོ་གི་ཡོད། དམ་ཉམས་མང་པོ་ཆགས་ན་བླ་མའི་ཚེ་ལའང་གནོད་པ་ཡོངས་གྲགས་ཡིན། རང་ཉིད་དོལ་རྒྱལ་ལ་གློ་སྙིང་བྲང་གསུམ་བསྟན་མཁན་ཞིག་ཡིན་ན། ༸རྒྱལ་བ་རིན་པོ་ཆེ་དང་རྩ་བ་ནས་ལམ་ཕྱོགས་དང༌། བསམ་ཚུལ་ཐ་དད་ཆགས་པས་༸རྒྱལ་བ་རིན་པོ་ཆེ་དང་འབྲེལ་བ་མ་བྱས་པར་བསྡད་ན་ཡག་པོ་རེད། མགོ་གཉིས་བྱས་ན་ཡག་པོ་མི་འདུག་ཅེས་ངས་བརྗོད་རྒྱུ་དེ་ཡིན།

ཁ་སང་ལྡན་མ་རིན་པོ་ཆེ་ལ་བཤད་རྒྱུ་བྱུང༌། བསྙེན་རྫོགས་བསྒྲུབ་ཚར་བའི་རྗེས་ལ་མཁན་པོ་དང་སློབ་བུའི་བར་ལ་ཕ་བུའི་འདུ་ཤེས་འཇོག་དགོས། བུས་ཕ་ལ་མགོ་བསྐོར་བཏང༌། ཕས་བུ་ལ་དོགས་པ་ཟ་ནས་བསྡད་དགོས་བྱུང་ན་ཕ་བུའི་འདུ་ཤེས་མ་བྱུང་བ་རེད་ཅེས་བཤད་ཡོད། སོ་སོས་དོལ་རྒྱལ་བསྟེན་གྱི་ཡོད་དུས་ངའི་ས་ནས་བསྙེན་རྫོགས་བསྒྲུབ་དགོས་ཀྱི་མ་རེད། དབང་ཞུས། བཀའ་ཆོས་ཞུས་བྱས་ཏེ་དམ་ཉམས་བཟོ་གིན་བསྡད་ན་ཡག་པོ་མི་འདུག དེབ་འདྲ་མིན་ཐོན་སྐབས་ཁྱེད་རང་ཚོ་ཁོ་ཁྲོ་ལངས། ངར་ངར་ཕད་ཕད་གཏན་ནས་བྱེད་རྒྱུ་མེད། གང་ལྟར་མང་ཚོགས་ཀྱི་ངོས་ནས་ཧུར་ཐག་འབད་ཐག་བྱེད་ཀྱི་ཡོད། ངས་དོ་དོ་ཏན་ཏན་བྱས་ནས་ཐག་གཅོད་བྱས་པ་ཞིག་ཡིན་པ་ལས། ཧ་རེ་ཧུ་རེ་བྱས་ནས་ཐག་གཅོད་བྱས་པ་མིན། ཁྱེད་རང་ཚོས་ཀྱང་ངས་བཤད་པ་དེ་ཚོ་གཟབ་ནན་བྱས་འདུག་བསམ་གྱི་ཡོད། ཁྱེད་རང་ཚོ་གནས་ཚུལ་ངོ་མ་ཤེས་མཁན་ཚོས་ཁུངས་དྲངས་པ་དེ་ཐོག་ནས་བསམ་བློ་འཁོར་རྒྱུ་ཡིན། གནས་ཚུལ་དེ་ཙམ་གསལ་པོ་མི་ཤེས་མཁན་ཚོས་ཀྱང་༸རྒྱལ་བ་རིན་པོ་ཆེས་བཤད་པ་དེ་ཏན་ཏན་ཡང་དག་པ་ཡིན་གྱི་རེད་བསམས་པའི་ཐོག་ནས་ང་ལ་ཡིད་ཆེས་བློ་འགེལ་དང་བཀའ་ལ་བརྩི་སྲུང་བྱེད་ཀྱི་ཡོད་པར་ཧ་ཅང་དགའ་པོ་བྱུང༌། ངས་ཁྱེད་རང་ཚོ་དྲིན་ཆུང་ལ་གཏོང་གི་མ་རེད། བོད་བསྟན་སྲིད་ཀྱི་དོན་ལ་འགན་ཡོད་སྟབས། འཕྲལ་ཕུགས་རྒྱང་གསུམ་གྱིས་བསམ་བློ་བཏང་སྟེ་ཐག་བཅད་པ་ཡིན། ངས་མང་ཚོགས་དྲིན་ཆུང་བཏང་མི་ཡོང༌། དྲིན་ཆུང་བཏང་གི་ཡོད་མེད་ཁྱེད་རང་ཚོས་བསམ་བློ་གཏོང༌། ཤེས་སོང་ངམ། ངས་ནམ་རྒྱུན་རྟག་པར་བཤད་ཀྱི་ཡོད། བླ་མ་ལ་བརྟག་དཔྱད་བྱེད་དགོས་ལ། བླ་མའི་མདུན་ནས་དྲི་མ་ག་རེ་ཁ་གི་འདུག་བླ་མའི་རྒྱབ་ལ་དྲི་མ་ག་རེ་ཁ་གི་འདུག དྲི་མ་སྣོམས་དང་ཤེས་ཀྱི་རེད་ཅེས་ཕྱི་རྒྱལ་བ་ཚོར་རྩེད་མོ་དང་མགས་ཤོད་ཀྱི་ཡོད། བླ་མ་ལ་བརྟག་དཔྱད་བྱེད་སྐབས་གླང་ཆེན་གྱི་སྣ་ཁུང་ནང་བཞིན་རིང་པོར་བརྐྱངས་ནས་རྒྱབ་མདུན་གང་སར་དྲི་མ་སྣོམས་དང༌། མདུན་ལ་དྲི་མ་མངར་མོ་ཁ་ཡང༌། རྒྱབ་ལ་དྲི་ངན་ཁ་གི་འདུག་ན་གཟབ་གཟབ་བྱེད་དགོས་ཞེས་བཤད་ཀྱི་ཡོད། ཁྱེད་རང་ཚོས་ཀྱང་བརྟག་དཔྱད་བྱེད་དགོས། ཤེས་སོང་ངམ། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སྩལ།།    །།

Menu