༢༠༡༦ ཟླ་ ༦ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་དཔལ་ལྡན་སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་འབུམ་རམས་པ་བློ་བཟང་སེངྒེ་མཆོག་དང་། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས། ཕྱི་ནང་གི་གསར་འགོད་པ་བཅས་ཚང་འཛོམས་ཀྱིས་ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་ནང་གི་ཁོར་ཡུག་གནས་སྟངས་སྐོར་གསར་འགོད་ལྷན་ཚོགས་གནང་སོང་། སྐབས་དེར་ཐོག་མར་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་གསར་འགོད་ལྷན་ཚོགས་གནང་དགོས་པའི་སྐོར་ངོ་སྤྲོད་གནང་དོན།
དེ་རིང་འདིར་དཔལ་ལྡན་སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་གསར་འགོད་ལྷན་ཚོགས་གནང་དགོས་དོན་ནི། ལོ་ཤས་སྔོན་ནས་བོད་ནང་རྒྱ་ནག་གཞུང་གིས་འཛུགས་སྐྲུན་མང་པོ་ཞིག་འགོ་འཛུགས་བྱས་ཡོད། དེའི་དམིགས་ཡུལ་ནི་བོད་ནང་གཏེར་ཁ་སྔོག་འདོན་དང་ཆུ་རགས་བརྒྱག་རྒྱུ་སོགས་རེད། ཅེས་དེ་སྔ་ནས་བཤད་པ་དེ་ད་ཆ་མིག་མཐོང་ལག་ཟིན་ཆགས་ཡོད། དེ་རིང་གསར་འགོད་ལྷན་ཚོགས་ཐོག་གཙོ་བོ་གནད་དོན་གཉིས་རེད། དང་པོ་ནི། ཉེ་བའི་ཆར་མི་ཉག་ལྷ་སྒང་དུ་ལིའི་གཏེར་ཁ་སྔོན་འདོན་བྱས་ནས་ས་ཁུལ་དེའི་ཆུ་སྦགས་བཙོག་བཟོ་བཞིན་པ་དེར་བོད་མི་ཚོས་ངོ་རྒོལ་གནང་དང་གནང་བཞིན་ཡོད།
ལྷག་པར་ཉེ་ཆར་མདོ་སྨད་ཨ་མཆོག་ཡུལ་ཚོའི་གོང་སྔོན་བླ་རིར་གསེར་སྔོག་འདོན་བྱས་པར་བརྟེན། བོད་མི་ཚོས་ངོ་རྒོལ་གནང་བཞིན་པ་རེད། དེ་དག་ཉེ་ཆར་གྱི་གནས་ཚུལ་རེད། གཏེར་ཁ་སྔོག་འདོན་བྱས་ནས་ཆུ་བཙོག་པ་བཟོ་བ་དང་། དུག་རྫས་བེད་སྤྱོད་བྱས་ནས་ཡུལ་མིའི་ཆུ་དང་། ས་ཞིང་། སེམས་ཅན་སོགས་ལ་ན་ཚ་ཕོག་པ། བོད་པས་རི་དང་ཆུ་སོགས་ལ་ལྷ་དང་གནས་རི་རྩི་ཡུལ་དེ་དག་རྒྱ་ནག་གཞུང་གིས་བརྩི་འཇོག་མ་བྱས་པར་གཏེར་ཁ་གང་བྱུང་སྔོན་འདོན་དང་ཆུ་རགས་ཚོད་མེད་རྒྱག་བཞིན་ཡོད། ད་རེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ནང་གི་ཁོར་ཡུག་དང་འབྲེལ་བའི་སྐོར་བཀའ་སློབ་གནང་རྒྱུ་དང་། དེ་རྗེས་ཁོར་ཡུག་ཚན་པའི་འགན་འཛིན་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་ཉེ་བའི་གནས་ཚུལ་ཁག་གི་སྐོར་འགྲེལ་བཤད་དང་དྲི་བ་དྲིས་ལན་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་གྲུབ་བསྟུན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་དོན།
དེ་རིང་འདིར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ནང་གི་ཁོར་ཡུག་སྤྱི་དང་། ལྷག་པར་མི་ཉག་དང་ཉེ་ཆར་ཨ་མཆོག་ཁུལ་གྱི་མི་མང་ནས་ས་གནས་ཁོར་ཡུག་སྲུང་སྐྱོབ་སླད་རྒྱ་ནག་གཞུང་གི་གཏེར་ཁ་སྔོག་འདོན་ལས་གཞིར་ཞི་རྒོལ་གྱི་རྣམ་པ་བཏོན་པའི་གནས་ཚུལ་ཐོན་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འདིའི་ཐོག་གསལ་བཤད་ཞུས་ན་བསམས་བྱུང་། ངས་དུས་རྟག་ཏུ་བོད་ནང་ཁོར་ཡུག་ཐོག་རྒྱ་ནག་གཞུང་གིས་ལག་བསྟར་གང་འདྲ་ཞིག་གནང་བ་ཡིན་ནའང། དང་པོ་ནི། བོད་ཀྱི་ཁོར་ཡུག་རྒྱུན་གནས་ཐུབ་པ། གཉིས་པ། བོད་མིའི་ཆོས་དང་རིག་གཞུང་ལ་གུས་བརྩི་ཞུ་རྒྱུ། གསུམ་པ། དཔལ་འབྱོར་ཐོག་ནས་མི་མང་ལ་ཁེ་ཕན་ཡོད་པ། བཞི་པ། ཁྲིམས་མཐུན་དང་མི་མང་གིས་མོས་མཐུན་ཡོད་པའི་ཐོག་ནས་ཁོར་ཡུག་ཐོག་གི་སྲིད་བྱུས་དང་ལས་འཆར་སྤེལ་དགོས། ཞེས་ཞུ་བཞིན་ཡོད། དོན་ཚན་བཞི་པོ་འདི་གཞིར་བཞག་ཐོག་ནས་ཉེ་ཆར་མི་ཉག་དང་། ད་ལྟ་ཨ་མཆོག་ཁུལ་དུ་གནས་ཚུལ་ཐོན་བཞིན་པ་དེ་དག་རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཁྲིམས་སྒྲིག་ཁག་ལ་རྩིས་མེད་ཀྱིས་གཏེར་ཁ་གང་བྱུང་སྔོག་འདོན་བྱས་པར་བརྟེན་མི་མང་གྱིས་ངོ་རྒོལ་བྱེད་བཞིན་ཡོད།
དང་ཐོག་བོད་ཀྱི་ཁོར་ཡུག་རྒྱུན་གནས་ཐུབ་ཐབས་བྱེད་དགོས། འོན་ཀྱང་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་སྐབས་རྫས་རིགས་བླུགས་རྒྱུ་དང་། ས་སྔོག་སྟངས་སོགས་གང་ཅིའི་ཐད་ནས་འཕྲལ་ཕུགས་རྒྱང་གསུམ་ལ་ཁོར་ཡུག་རྒྱུན་གནས་ཐུབ་ཐབས་མེད་པར་བརྟེན་མི་མང་གིས་ངོ་རྒོལ་བྱེད་བཞིན་ཡོད།
གཉིས་པ་ནི། བོད་ཀྱི་ཆོས་དང་རིག་གཞུང་ལ་གུས་བརྩི་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་ནང་གནས་རི་མང་པོ་ཞིག་ཡོད་པ་དེ་དག་གི་ཐོག་གཏེར་ཁ་སྔོག་ན། མི་མང་གི་སེམས་ཚོར་དང་འདུ་ཤེས་ལ་དོ་ཕོག་གཏོང་རྒྱུ་རེད། དཔལ་འབྱོར་ཐོག་ནས་ཡིན་ནའང་ས་གནས་མི་མང་ལ་ཕན་པ་ཞིག་དགོས་ཀྱི་ཡོད། འོན་ཀྱང་ད་བར་བོད་ནང་གཏེར་ཁ་སྔོག་པ་དང་ཤིང་ནགས་གཅོད་བྲེག་བྱས་པ། ཆུ་རགས་སོགས་རྒྱག་སྐབས། ས་གནས་མི་མང་ལ་དཔལ་འབྱོར་ཐོག་ནས་ཁེ་ཕན་མེད་པ་མ་ཟད། མི་མང་ལ་གནོད་རྐྱེན་དུ་ཕྱིན་ན་འགྲིག་གི་མེད། ས་གནས་ལ་ཡོད་པའི་མ་རྩ་དེ་གཏེར་དང་ནགས། ཆུ་བཅས་ཡིན། དེ་དག་ལ་རྒྱ་ནག་ས་གནས་དཔོན་རིགས་དང་རྒྱ་ནག་གི་ཚོང་པ་ཚོས་གཏེར་ཁ་སྔོག་འདོན་རྗེས་ཁེ་བཟང་ཟས་ནས་སའི་ཐོག་རྫས་བླུགས་ཏེ་ས་ཆ་བེད་མེད་བཟོ་བ་ཡིན་ན། ཁོར་ཡུག་ལ་གནོད་སྐྱོན་འབྱུང་བཞིན་ཡོད་པ་མ་ཟད། ས་དང་ཆུ། རླུང་སོགས་སྦགས་བཙོག་ཆགས་ཏེ་མི་མང་ཚོར་འཕྲལ་ཕུགས་རྒྱང་གསུམ་ལ་ཧ་ཅང་དོ་ཕོག་འགྲོ་བཞིན་ཡོད། དེ་ལྟར་མི་ཡོང་ཆེད་ས་གནས་སུ་གཏེར་ཁ་སྔོག་འདོན་བྱས་ནའང་ས་གནས་མི་མང་ལ་དཔལ་འབྱོར་གྱི་ཁེ་ཕན་ངེས་པར་ཐོབ་དགོས། ས་གནས་མི་མང་དེ་ཚོ་མ་འོངས་པར་འཚོ་བ་སྐྱེལ་དགོས་སྟབས། རྒྱ་ནག་གཞུང་གིས་བྱེད་སྟངས་དེ་འགྲིག་གི་མེད། རྒྱ་ནག་གི་ཁྲིམས་ནང་ལའང་ཁོར་ཡུག་གལ་ཆེ་ཡིན་པ་དང་། ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པ་སོགས་ཧ་ཅང་གསལ་པོ་འཁོད་ཡོད།
དེ་བཞིན་ས་གནས་སུ་ལས་གཞི་ཅི་འདྲ་ཞིག་ལག་བསྟར་བྱས་ནའང་དེ་ལ་མི་མང་གིས་མོས་མཐུན་དགོས་ཀྱི་ཡོད་པ་ཁོང་ཚོས་དེ་སྔ་ནས་བརྗོད་བཞིན་ཡོད། གོང་གི་དོན་ཚན་བཞི་པོ་དེ་ལག་བསྟར་མ་བྱས་པར་བརྟེན་ཨ་མཆོག་ལ་གཏེར་ཁ་སྔོག་འདོན་སྐབས་མི་མང་གིས་ཞི་རྒོལ་བྱས་དང་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་མི་མང་ནས་ཞི་རྒོལ་བྱས་པ་དེར་མ་ཉེས་ཁ་ཡོག་བྱས་ཡོད། ཉེ་ཆར་ས་གནས་སུ་གསར་འགོད་གསལ་བསྒྲགས་བྱས་པའི་ནང་། ཕྱི་ནང་ལག་པ་མཉམ་སྦྲེལ་བྱས་ནས་ངོ་རྒོལ་བྱེད་ཀྱི་འདུག་ཅེས་འཁོད་ཡོད། བོད་མིའི་སྒྲིག་འཛུགས་དང་ལག་སྦྲེལ་མིན་པ་སྨྲོས་མེད་རེད། ད་བར་བོད་ནང་ཞི་རྒོལ་རབ་དང་རིམ་པ་བྱུང་བ་དེ་དག་ཚང་མ་བོད་ནང་ལ་རྒྱ་མིས་བོད་མི་ཚོར་བརྙས་བཅོས་དང་གདུག་རྩུབ། དབྱེ་འབྱེད་བྱས་པར་བརྟེན་བྱུང་བ་ཞིག་ཡིན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཆགས་དགོས་དོན་དེ་ཡང་བོད་ས་ཡོངས་རྫོགས་རྒྱ་ནག་གིས་ཧམ་བཟུང་བྱས་པར་བརྟེན་ང་ཚོ་བཙན་བྱོལ་ལ་བསླེབས་པ་ཞིག་རེད་མ་གཏོགས། རྒྱ་མི་བོད་དུ་མ་བསླེབས་གོང་ནས་ང་ཚོ་བཙན་བྱོལ་ལ་གཞིས་ཆགས་ནས་ད་ཆ་ང་ཚོས་གཞིས་ལུས་བོད་མི་ཚོར་ལག་སྦྲེལ་བྱས་པ་དེ་འདྲ་ཞིག་རྩ་བ་ནས་མ་རེད། བོད་མིའི་སྒྲིག་འཛུགས་ལ་བོད་ནང་གི་བོད་མི་ཚོའི་མངོན་འདོད་བསྒྲུབ་རྒྱུའི་འགན་ཡོད་ཀྱང་། རྒྱ་ནག་གཞུང་གིས་མ་ཉེས་ཁ་ཡོག་བྱས་ཏེ་སྐྱོན་བརྗོད་བྱས་པ་དེར་ཁོང་ཚོར་ཁྲིམས་ཐོག་ནས་འགྲེལ་བརྗོད་བྱེད་རྒྱུ་མེད་པ་མ་ཟད། ཡ་རབས་བཟང་སྤྱོད། ཁོར་ཡུག ཆོས་དང་རིག་གཞུང་གང་ཅིའི་ཐོག་ནས་ཀྱང་འགྲེལ་བརྗོད་བྱེད་ཐབས་མེད། ཕྱི་དང་ལག་སྦྲེལ་ནས་ཞི་རྒོལ་བྱེད་ཀྱི་ཡོད་ལུགས་འགྲེལ་བརྗོད་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་མ་ཟད། ཞི་རྒོལ་བ་རྣམས་ལ་རྡུང་རྡེག་དང་འཛིན་བཟུང་བྱེད་རྒྱུ་ཡིན་སྐོར་བཤད་འདུག དེ་ནི་འགྲོ་བ་མིའི་ཐོབ་ཐང་དང་འགལ་བ་ཞིག་ཡིན། གཞུང་ཞིག་གི་ངོས་ནས་ཞི་བའི་སྒོ་ནས་ངོ་རྒོལ་བྱེད་མཁན་མང་ཚོགས་ལ་རྡུང་རྡེག་དང་འཛིན་བཟུང་བྱེད་རྒྱུ་ཡིན་ཞེས་བརྗོད་ན། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་འགལ་ཟླ་ཆགས་ཀྱི་ཡོད།
དེ་བཞིན་རྒྱ་གཞུང་གི་གསལ་བསྒྲགས་དེའི་ནང་འདུ་འཛོམས་བྱེད་རིགས་ལ་འཛིན་བཟུང་བྱེད་ཀྱི་ཡིན་ཞེས་བརྗོད་སྐབས། མི་ཞིག་ཡིན་པའི་ཆ་ནས་འདུ་འཛོམས་དང་། གཏམ་བརྗོད་རང་དབང་ནི་རང་ཆས་སུ་ཡོད་པའི་ཐོབ་ཐང་ཡིན། ཨ་མཆོག་ཏུ་མི་གཉིས་ལ་ཉེས་རྡུང་བཏང་སྟེ་ད་ཆ་སྨན་ཁང་ནང་ཡོད་པ་དང་མི་ཁག་གཅིག་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་སྐབས། ཁོར་ཡུག་གི་ཁྲིམས་སྒྲིག་ཁག་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་། རྒྱལ་སྤྱིའི་ཁྲིམས་སོགས་དང་འགལ་བའི་ཐོག་རྒྱ་ནག་གི་ཁྲིམས་དང་འགལ་ཡོད། དེ་དག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་གི་མི་ཉག་གི་གསར་འགོད་བསྒྲགས་ནང་ག་རེ་འཁོད་འདུག་ཅེ་ན། མི་མང་གི་ངོ་རྒོལ་བྱས་པ་རེད། དེར་ཞིབ་འཇུག་བྱེད་སྐབས་གཏེར་ཁ་སྔོག་འདོན་དེས་ཁོར་ཡུག་ལ་གནོད་སྐྱོན་ཡོད་པ་དང་། མི་མང་གིས་མོས་མཐུན་མེད་པར་བརྟེན་གནས་སྐབས་རིང་གཏེར་ཁ་སྔོན་འདོན་མཚམས་འཇོག་བྱེད་ཀྱི་ཡིན་ཞེས་གསལ་བསྒྲགས་སྤེལ་ཡོད། གནས་སྐབས་ཡིན་པར་བརྟེན་འཕྲལ་སེལ་ཡིན་སྲིད་པ་རེད། གནད་དོན་འདི་ཁ་ཕྱོགས་ཇི་འདྲ་ཞིག་ལ་འགྱུར་མིན་བཤད་དཀའ། རྒྱ་ནག་གཞུང་གིས་ཨ་མཆོག་ཁུལ་གྱི་གནད་དོན་དེ་ཡང་ཁོར་ཡུག་ལ་གནོད་སྐྱོན་ཡོད་པ་མ་ཟད། མི་མང་གིས་མོས་མཐུན་དགོས་པ་དང་ཁྲིམས་མཐུན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པར་ངོས་འཛིན་པའི་ཐོག་ནས་ལག་བསྟར་བྱེད་རྒྱུའི་རེ་བ་ཞུ་བཞིན་ཡོད་པ་མ་གཏོགས། མ་ཉེས་ཁ་ཡོག་བྱས་པ་དེར་མོས་མཐུན་རྩ་བ་ནས་མེད་ཅེས་ཞུ་རྒྱུ་ཡིན། ཨ་མཆོག་ཁུལ་ནས་རང་ལུས་མེར་སྲེག་གཏོང་མཁན་གཉིས་ཀྱིས་གཏེར་ཁ་སྔོན་འདོན་ལ་ཞི་རྒོལ་གནང་སྟེ་རང་ལུས་མེར་སྲེག་གནང་ཡོད། གསུམ་པ་དེའི་ཁ་ཆེམས་ནང་གཏེར་ཁ་སྔོན་འདོན་དང་འབྲེལ་བའི་ཐོག་ནས་རང་ལུས་མེར་སྲེག་བཏང་ཡོད་སྐོར་འཁོད་པར་བརྟེན། རྒྱ་ནག་གཞུང་གིས་གནས་སྟངས་འདི་ཧ་ཅང་ཛ་དྲག་ཡིན་པ་ཤེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསུངས།།