༢༠༡༠ ཕྱི་ཟླ་ ༣ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །འདི་གར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་གསལ་ལྟར་ན། ཕོ་བྲང་པོ་ཏཱ་ལ་ནི་བོད་ཀྱི་རྒྱལ་ས་ལྷ་སའི་དབུས་སུ་འགྱིང་ངེར་ཆགས་ཤིང་། བོད་ཀྱི་ལོ་རྒྱུས་སྟེང་བོད་མི་རིགས་ཀྱི་དམིགས་བསལ་ཁྱད་ཆོས་འབུར་དུ་ཐོན་པའི་བཟོ་བཀོད་ཀྱི་རྒྱན་པའི་མཚོན་རྟགས་གལ་ཆེ་ཞིག་ཡིན་པ་མ་ཟད། ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཀྱི་ཤུལ་བཞག་རིག་གནས་གལ་ཆེ་ཞིག་ཀྱང་ཡིན་པ་མ་ཟད།
ཕྱི་ལོ་ ༡༩༩༤ ལོར་མཉམ་སྦྲེལ་རྒྱལ་ཚོགས་ནས་འཛམ་གླིང་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོབ་བྱ་རྒྱུའི་སྤྱི་ཆིངས་ཁོངས་སུ་ཐོ་བཀོད་ཁས་ལེན་བྱས་ཏེ་ཕོ་བྲང་པོ་ཏཱ་ལར་སྲུང་སྐྱོབ་བྱ་རྒྱུ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་རྒྱབ་གནོན་ཡོད་པ་ཞིག་ཀྱང་ཡིན། འོན་ཏེ་ད་ཆ་རྒྱ་ནག་གཞུང་གིས་བོད་ནང་དེང་དུས་དང་མཐུན་པའི་གྲོང་ཁྱེར་བསྒྱུར་བཀོད་ཅེས་པར་ཁ་གཡར་ཏེ་བོད་ནང་གི་རིག་དངོས་མང་པོ་ཞིག་གཏོར་བཤིག་གཏོང་བཞིན་ཡོད་པ་ལྟར་ཕོ་བྲང་པོ་ཏཱ་ལའང་ད་ལྟ་མུ་མཐུད་ལས་གཞི་དེ་འདྲའི་འོག་ཏུ་འཐོར་ཞིག་ལ་འགྲོ་ཉེན་ཡོད་པའི་གནས་སུ་གྱར་ཡོད། ཕོ་བྲང་པོ་ཏཱ་ལར་ཕྱི་ལོ་ ༡༩༨༨ ལོ་ནས་ ༡༩༩༣ ལོ་སོགས་སུ་ཉམས་གསོ་བྱེད་ཁུལ་བྱས་ཡོད་པ་དང་།
དེ་མཇུག་ཕྱི་ལོ་ཉིས་སྟོང་ལོའི་ནང་དུའང་མུ་མཐུད་དེ་སྔ་རྗེས་ཉམས་གསོའི་ལས་གྲྭ་སྤེལ་ཏེ་ལྡེབས་རིས་བསྐྱར་བྲིས་སོགས་བྱས་ཡོད་ཀྱང་བོད་ཀྱི་སྒྱུ་རྩལ་དང་འབྲི་བརྐོས་ཐད་ཉམས་མྱོང་མེད་པའི་རྒྱ་རིགས་ལག་རྩལ་མི་སྣ་མང་པོ་ཞིག་རྒྱ་ནག་ནང་ཁུལ་ནས་ཡོང་སྟེ་ལག་རྩེད་ལྟ་བུ་རྩེས་ཏེ་ལྡེབས་རིས་ཁག་གཅིག་ལ་ལྷད་སྐྱོན་ཤུགས་ཆེ་བྱུང་ཡོད་པར་མི་མང་ཁྲོད་བསམ་ཚུལ་ཡོད་མུས་ཐོག ད་ལྟ་ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༡༦ ནས་དངོས་སུ་འགོ་བཙུགས་པའི་ཕོ་བྲང་པོ་ཏཱ་ལའི་ཐང་ཆེན་ཤར་ནུབ་གཉིས་སུ་ས་འོག་གི་འགྲོ་ལམ་གསར་གཏོད་བྱ་རྒྱུའི་ཆེད་ལས་གཞི་འགོ་བཙུགས་ཏེ་ས་འབྲུས་པར་བརྟེན་ས་འོག་ནས་ཆུ་ཤུགས་ཆེ་ཐོན་ཏེ་འཛུགས་སྐྲུན་བྱ་རྒྱུར་དཀའ་ངལ་འཕྲད་བཞིན་པ་མ་ཟད། ཕོ་བྲང་གི་ཉེ་འཁོར་ས་ཆ་ཁག་གཅིག་ནས་སེར་ཁ་གས་ཏེ་ཕོ་བྲང་ལ་ཉེན་ཁ་འཕྲད་ཉེན་ཡོད་པའི་ཛ་དྲག་གི་གནས་སུ་ལྷུང་ཡོད། རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་རིག་གཞུང་དང་དམིགས་བསལ་ས་བབས་ཀྱི་ཁྱད་ཆོས་ལ་བརྩི་འཇོག་མ་བྱས་པར་གང་བྱུང་བོད་ཀྱི་དེ་སྔའི་མི་རིགས་ཀྱི་ཁྱད་ཆོས་མངོན་ཐུབ་པའི་རིག་གཞུང་གཏོར་བརླག་བཏང་དང་གཏོང་བཞིན་པའི་བྱེད་སྟངས་འདི་རིགས་ལ་ས་གནས་བོད་རིགས་དང་མང་ཚོགས་ཚོས་ད་ཆ་སེམས་འཚབ་དང་སྦྲགས་རྒྱ་ནག་གཞུང་གིས་གཞི་རིམ་མང་ཚོགས་ཀྱི་བསམ་ཚུལ། དེ་བཞིན་ས་གནས་ཀྱི་གནས་བབས་དང་མི་རིགས་ཀྱི་ཁྱད་ཆོས་ལ་བརྩི་འཇོག་མི་བྱེད་པའི་ཐལ་དྲགས་པའི་སྲིད་བྱུས་དེ་དག་ལ་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་འདུག་སྟབས་འཛམ་གླིང་གི་རིག་གནས་ཤུལ་བཞག་རིན་ཐང་ཅན་ཞིག་ལ་ཉེན་ཁ་འཕྲད་བཞིན་པ་འདི་མྱུར་སྐྱོབ་སླད་ཚང་མས་ཐུགས་སྣང་དགོས་པ་གལ་ཆེ་ཆགས་ཡོད།།
གོང་འཁོད་ཀྱི་འདྲ་པར་རྣམས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་མཁོ་སྤྲོད་གནང་།